རབ་བྱུང་ལ་གནོད་འཚེ་བསྲུང་བའི་ཕྱིར་དུ་སྟོན་པས་གནང་བའི་སིལ་སྙན་བཅུ་གཉིས་དང་ལྡན་པའི་འཁར་བ་རྒྱུ་ལྕགས་དང་ཤིང་གཉིས་ལས་གྲུབ་པ་རིམ་པ་གསུམ་བྲེང་ཆགས་སུ་ཡོད་པའི་སྟོད་སྨད་གཉིས་ལྕགས་དང་བར་མ་ཤིང་ཡིན་ལ། སྟོད་སྨད་ཀྱི་ལྕགས་བརྒྱད་བཞོག་བྱས་ཤིང༌། འོག་མ་ལ་རྒྱ་མདུད་ཡོད་པ། དུམ་བུ་སྟེང་མ་ལ་འཁོར་ལོ་དང་ལྕགས་ཀྱུ་ཡོད་ཅིང༌། རྭ་བཞིའམ། གཉིས་སུ་ངེས་པ། དེ་ལ་སིལ་སྙན་བཅུ་གཉིས། སྟེང་དང་ནང་ལ་མཆོད་རྟེན་ཡོད་པ། རྭའི་བར་སྟོང་པ། རྭའི་དཔང་མཐོ་གང་སོར་བཞི་དང་རྭ་མན་ཆད་ལུས་ཚད་དང་མཉམ་པའོ། །
འཁར་བའི་འཁར་རྒྱུག་འདི་ཉིད་ས་ཐོག་ལ་བཙུགས་དུས་སྒྲ་སིལ་སིལ་དུ་གསུལ་བར་བྱེད་པས་འཁར་གསིལ་དང་གསིལ་བྱེད་དུ་ཐོགས། འདི་ནི་ལག་རྟེན་ཡིན་ལ། སིལ་སྒྲས་ལམ་གྱི་ཐོག་ལ་ཡོད་པའི་སྲོག་ཆགས་ཕྲ་མོ་རྣམས་མི་བརྫི་བའི་ཆེད་དུ་དཀྲོག་བྱེད་ཡིན་པར་གསུངས་ཡོད། འཁར་གསིལ་འདི་བྱང་བརྒྱུད་ནང་བསྟན་ཁོ་ནའི་ཁྱད་ཆོས་ལྟ་བུར་གྱུར་ཡོད། བོད་དང་རྒྱ་ནག་ལ་འདི་ཉིད་དར་ཞིང་འདི་ཉིད་ཀྱི་མདོ་ཁུངས་ཡང་ཡོད་པ་ཡིན། འོན་ཀྱང་ལྷོ་བརྒྱུད་ནང་བསྟན་ལ་འདི་ཉིད་མེད་ལ་མདོ་ཁུངས་ཡང་མེད་པ་རེད།
སྨད་ལ་མདུད་པ་གཅིག་ཡོད་པས་ངན་སོང་གི་སྒོ་འགེག་པ་མཚོན་ལ། དུམ་བུ་གསུམ་གྱིས་བསླབ་པ་གསུམ་མཚོན། བར་ཤིང་གསོམ་པས་ལུས་སེམས་ལས་རུང་དང་གཡོ་མེད་པ་མཚོན། སྨད་ཟུར་བདུན་གྱིས་བྱང་ཆུབ་ཡན་ལག་བདུན་མཚོན། སྟོད་ཟུར་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་མཚོན། རྭ་བཞིས་བདེན་བཞི་མཚོན། མཆོད་རྟེན་ཆུང་ངུ་བཅུ་གཉིས་ཀྱིས་ཆོས་གཟུགས་ཀྱི་སྐུ་གཉིས་མཚོན། ཨ་ལོང་བཅུ་གཉིས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་མཚོན། ལྕགས་ཀྱུས་ངན་སོང་ནས་འདྲེན་པ་མཚོན་པར་གསུངས། འདས་པའི་སངས་རྒྱས་ལུགས་ལ་རྭ་གཅིག མ་འོངས་པའི་ལུགས་ལ་རྭ་གཉིས། ད་ལྟ་བའི་ལུགས་ལ་རྭ་བཞི། གསུམ་ཀའི་ལུགས་ལ་རྭ་དྲུག་ཞེས་གྲགས། མཁར་གསིལ་འདི་བོད་དང་རྒྱ་ནག་སོགས་བྱང་བརྒྱུད་ནང་བསྟན་གྱི་ལུགས་ལ་ཡོད་རུང་། རྒྱུན་དུ་བསྣམས་སྲོལ་རིམ་བཞིན་ཉམས་སོང་བ་རེད།
འཕྲིན་སྟེགས། weikangba