རྔ་བའི་གསར་འགྱུར་དྲ་བའི་འཕྲིན།
དགོན་པ་དེར་རྟེན་གཙོ་ཇོ་བོ་སྲིད་ཞིའི་རྒྱན་གཅིག་ཅེས་སྐུ་རྒྱུ་ལི་མ་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་སེང་ཁྲི་རྒྱབ་ཡོལ་གསེར་ཟངས་ལས་གྲུབ་པ་དང་། འཇམ་དབྱངས་མངོན་མཁྱེན་པ། བསྟན་སྲུང་མགོན་པོ་ཕྱག་དྲུག་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་སོགས་གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་མང་པོ་སོགས་སྐུ་གསུང་ཐུགས་རྟེན་དུ་མ་བཞུགས། ད་ལྟ་ཡང་ཕྱིའི་འདུ་ཁང་སོགས་ལ་ཉམས་གསོ་དང་། ནང་གི་རྟེན་གསུམ་གསར་བཞེངས་རྭ་སྟོད་དགོན་ནས་དོ་དམ་ཐོག དགུན་ཁར་གདན་ས་གསུམ་སོགས་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཀྱང་ཉིན་ཉེར་དྲུག་ཙམ་རེ་ཚུགས་བཞིན་པ་བཅས་སོ། །
གོང་གསལ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་ཚོགས་ཆེན་པོ་དེ་ལ་དཔེར་བྱས་ཏེ་མདོ་ཁམས་སྟོད་སྨད་སོགས་སུ་འཇང་དགུན་ཆོས་ཞེས་པ་དང་ཚད་མའི་དགུན་ཆོས་ཞེས་པ་སོགས། རིགས་ལམ་གྱི་སྒོ་ནས་གཞུང་ལུགས་ཀྱི་དོན་ལ་བརྡར་ཤ་གཅོད་པར་འདོད་པའི་སེར་མོ་བ་མང་དུ་འདུས་ཏེ། ཚད་མ་རྣམ་འགྲེལ་རྩ་འགྲེལ་གྱི་གཞུང་ལ་འཆད་ཉན་གནང་སྲོལ་འདི་ཆགས་པ་ཡིན། དེ་ཡང་། ད་ལོར་ལྟ་བུར་མཚོན་ན། གནས་མཆོག་ལྷ་སའི་ནུབ་ཀྱི་ཕྱོགས་སུ་ཡོད་པའི་འཇང་ཕུ་དགོན་དུ་དབུས་ཀྱི་གདན་ས་ཆེན་པོ་གསུམ་དང་། ལྷ་ལྡན་གཙུག་ལག་ཁང་། སྟག་ཚང་ར་བ་སྟོད་པ་བཅས་ཀྱི་དགེ་འདུན་པ་ལྔ་བརྒྱ་མ་ཟིན་ཙམ་འདུས་ཏེ། སྔར་སྲོལ་ལྟར་བོད་ཟླ་༡༡ ཚེས་༣ ནས་ཚེས་༡༥ བར་ཉིན་གྲངས་༡༢ རིང་འཇང་དགུན་ཆོས་འཚོགས་ཡོད་པ་དང་། དེའི་རིང་ཞོགས་ཆོས་དང་། ཐོ་ཆོས། མཚན་ཕུད་སོགས་སྔར་རྒྱུན་ལྟར་ཕྱག་བཞེས་གནང་ཡོད་པ་དང་། དེའི་རིང་དམངས་ཚོགས་ཧ་ཅང་མང་པོ་ཞིག་གིས་དགའ་དད་སྤྲོ་བ་ཆེན་པོས་གུས་ཞབས་དང་བསྙེན་བཀུར་མཇལ་ཁ་སོགས་ཞུས་ཡོད་པ་རེད་ལ། ཡང་། འདི་ལོའི་བོད་ཟླ་༤ ཚེས་༢༨ ནས་ཉིན་བཅུའི་རིང་ལ། མདོ་ཁམས་འཇང་དགུན་ཆོས་ཐེངས་བཅོ་ལྔ་པ་དེ་བྱང་སྡེ་རྫ་ཆུ་ཁ་རྫ་ཀ་བཞི་དགོན་དུ་འཚོགས་ཤིང་། དེ་ལ་མདོ་ཁམས་ཕྱོགས་ཀྱི་གཙོའི་ཆོས་བརྒྱུད་རིས་སུ་མ་མཆིས་པའི་དགེ་འདུན་པ་ཉིས་སྟོང་ལྷག་འདུས་ཏེ་ཉིན་བཅུ་གཅིག་གི་རིང་ཚད་མ་འགྲེལ་གྱི་འཆད་ཉན་གཞིར་བྱས་པའི་རྩོད་གྲྭ་ཆེན་པོ་ཞིག་གནང་བ་དང་། ཉིན་ལྟར་ཞོགས་པའི་ཆོས་ར་དང་། ཐོ་ཆོས་དམ་བཅའ། མཚན་མོའི་དམ་བཅའ་སོགས་གདན་ས་ཆེན་པོ་ཁག་གི་ཕྱག་བཞེས་ལྟར་གནང་ཞིང་། མཚན་ཕུད་དམ་བཅའ་ཉིན་གཉིས་ལ་ཚུགས་པ་དང་། དེའི་ཕྱོགས་ཀྱི་དམངས་ཚོགས་ཡོངས་ལ་ཉིན་རེ་བཞིན་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་ཀྱིས་ལུགས་གཉིས་ཀྱི་བསླབ་བྱ་ཡང་ཆགས་མེད་དུ་མཛད་དེ། བསྟན་པ་དང་སེམས་ཅན་ལ་ཕན་རླབས་བརྗོད་པ་དཀའ་བ་ཞིག་གནང་ཡོད་པ་དང་། དེ་བཞིན་དུ། བོད་ཟླ་༩ པའི་ནང་དུ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་ཉི་ཤུ་པ་དེ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་རོང་པོ་རེབ་གོང་དགོན་དུ་འཚོགས་ཡོད་པ་དང་། དེའི་སྐབས་སུ་ཕྱོགས་ཀྱི་དགེ་འདུན་པ་ཉིས་སྟོང་མ་ཟིན་ཙམ་འདུས་ནས་གདན་ས་ཆེན་པོ་ཁག་གི་ཕྱག་སྲོལ་ལྟར་རྩོད་གྲྭ་ཆེན་པོ་ཞིག་འཚོགས་ཏེ་འཆད་རྩོད་ཀྱི་བྱ་གཞག་སྐལ་ལྡན་དང་བ་འདྲེན་པའི་མིག་རྐྱེན་དུ་གྱུར་པ་ཞིག་དང་། བསྟན་འགྲོའི་དོན་ཆེན་གྱི་མཛད་བཟང་མངོན་པར་མཐོ་བ་ཞིག་ཏུ་གྱུར་འདུག དེ་མཚུངས་ཀྱི་སྔ་ལོར་ཁམས་སྨད་འཇང་དགུན་ཆོས་ཆེན་མོ་དང་། རྔ་པ་ཀིརྟི་དགོན་ཁག་བཞིས་ཚད་མའི་དགུན་ཆོས་ཆེན་མོ་འདུས་ཚོགས་སྟོང་ཕྲག་མང་པོ་འདུས་ཏེ་འཚོགས་གནང་བ་དང་། གཞན་ཡང་འགོ་ལོག་ཁུལ་ཐོག་ཏུ་འགོ་ལོག་ཕྱོགས་ཀྱི་དགེ་ལྡན་པའི་དགོན་པ་ཁག་མང་པོ་མཉམ་འདུས་ཀྱིས་འགོ་ལོག་འཇང་དགུན་ཆོས་ལོ་ལྟར་འཚོགས་བཞིན་པ་བཅས་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་ཤིན་ཏུ་མང་པོ་ཞིག་ཏུ་འཇང་དགུན་ཆོས་ཀྱི་འཕྲིན་ལས་ཀྱི་མེ་ལྕེ་མཆེད་བཞིན་པ་བཅས་སོ། །
འཕྲིན་སྟེགས། weikangba