
སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་ཁྱབ་པའི་ཕོ་བྲང་པོ་ཏ་ལ་འདི་ནི་ལྷ་ས་དམར་པོ་རིའི་སྟེང་དུ་ཆགས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་འོད་ཟེར་འཕྲོས་ཏེ་སུམ་རྩེན་ས་ལ་འཕོས་པ་དང་མཚུངས་པར་བོད་ལྗོངས་ཀྱི་ཤོད་ཀྱི་དབུས་སུ་བརྗིད་ཉམས་དང་ལྡན་པའི་སྒོ་ནས་ཀེ་རེར་ལངས་ཏེ་གནས་ཡོད། དད་ལྡན་སྐྱེ་བོ་རྣམས་ཀྱིས་ཕོ་བྲང་འདི་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་དང་དབྱེར་མེད་དུ་བརྩིས་ནས་གྲུ་འཛིན་གཉིས་པ་ཞེས་འབོད་པ་ཡིན། ཕོ་བྲང་པོ་ཏ་ལ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་སྐྱིད་ཤོད་ཡུལ་དུ་སྤོས་རྗེས་བོད་འབངས་ལས་ལ་བསྐུལ་ནས་ཤིང་ལུག་སྤྱི་ལོ་༦༣༥ལོར་ཐོག་མར་བཞེངས་འགོ་ཚུགས། ལྕགས་རིའི་མཐོ་དམན་གྱི་ཚད་ལ་གྱང་སྐོར་སུམ་ཅུ་བརྩེགས་པ་གྱང་སྐོར་རེའི་དཔངས་ཚད་སྤྱི་ཁྲེ་གང་ཙམ་རེ་རྩིས་སྤྱི་ཁྲེ་༣༠ཙམ་གྱི་མཐོ་ཚད་ཡོད་པ་ལོག་རེ་ལ་རྒྱང་གྲགས་རེ་ཡོད་པ་དང་སྒོ་མོ་ཆེ་ལྷོ་ཕྱོགས་སུ་བསྟན། མཁར་དམར་པོ་དགུ་བརྒྱ་དང་། རྩེ་མོ་རྒྱལ་པོའི་སྐུ་མཁར་དང་སྟོང་ཐམ་པ། མཁར་ཐམས་ཅད་ཁ་བད་རིན་པོ་ཆེའི་རྒྱན་མདའ་གཡབ། པུ་ཤུ་དྲིལ་བུ། གཡེར་ཁའི་སྒྲ་འཁྲོལ་བ། དེའི་བཀོད་པ་མཛེས་ཤིང་ལེགས་པའི་དབང་དུ་བྱས་ན་ལྷའི་དབང་པོའི་རྣམ་པར་རྒྱལ་བའི་ཁང་བཟང་དང་འདྲ་སྟེ་ལྟ་བས་ཆོག་མི་ཤེས་ཤིང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དར་སྣ་ཚོགས་ཀྱི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཏེ་ཡིད་དུ་འོང་བ། འཇིགས་པའི་དབང་དུ་བྱས་ན་སྲིན་པོའི་གྲོང་ཁྱེར་ལངྐ་པུ་རི་དང་འདྲ་བར་མཁར་ཐམས་ཅད་ཀྱི་རྩེ་ལ་མཚོན་ཆ་དང་མདུང་དར་དམར་པོ་བཅུ་རེ་འཕྱར་ཏེ་དར་ཡུག་གིས་སྦྲེལ་བ། བཙན་པའི་དབང་དུ་བྱས་ན་མཐའི་དམག་དཔུང་བྱུང་ཡང་མི་ལྔས་སྲུང་ཐུབ་པ་དེ་ལྟ་བུའི་སྲ་བརྟན་གྱི་ཁྱད་ཆོས་ལྡན་ཡོད་ཅེས་གྲགས། འོན་ཀྱང་སྐབས་དེའི་དུས་ཀྱི་ཁང་རྒྱུད་ནས་ད་ཆ་ཆོས་རྒྱལ་སྒྲུབ་ཕུག་དང་། འཕགས་པ་ལྷ་ཁང་ཙམ་ལས་ཕལ་ཆེ་བ་དམག་འཁྲུག་སོགས་ནང་འཇིག་བྱུང་ནས་ཉམས་རྒུད་ཆེན་པོ་བྱུང་རུང་བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་སྤྱི་ལོ་༡༦༤༥ལོར་རྒྱལ་མཆོག་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྲ་བརྟན་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་དགོས་དང་དབང་ལ་གཞིགས་ཏེ་ཕོ་བྲང་པོ་ཏ་ལ་རྒྱས་སྐྲུན་བྱེད་རྒྱུའི་བཀའ་གནང་བ་དང་། ཕྱོགས་མཚུངས་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་ཐུགས་འགན་བཞེས་ཏེ་ཕོ་བྲང་དཀར་པོ་གསར་བཞེངས་མཛད། བོད་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་སྤྱི་ལོ་༡༦༥༢ལོར་རྒྱལ་མཆོག་ལྔ་པ་ཆེན་པོ་པེ་ཅིང་དུ་གོང་མ་ཤུན་ཙི་མཇལ་བར་ཕེབས་ནས་༡༦༥༣ལོར་བོད་དུ་ཕྱིར་ལོག་ཕེབས་སྐབས་ཕོ་བྲང་དཀར་པོ་བཞེངས་བསྐྲུན་ཟིན་པས། ལྔ་པ་ཆེན་པོ་འབྲས་སྤུངས་དགོན་པ་ནས་ཕོ་བྲང་པོ་ཏ་ལར་བཞུགས་གནས་སྤོ་བཞུགས་མཛད། ཁོང་དགོངས་པ་རྫོགས་ནས་ལོ་བརྒྱད་སོང་བའི་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་སྤྱི་ལོ་༡༦༩༠ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས། བོད་རབ་བྱུང་བཅུ་གཉིས་པའི་ཆུ་བྱ་སྤྱི་ལོ་༡༦༩༣ལོར་ལས་མཇུག་འགྲིལ་ནས་ལོ་དེ་གའི་ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་ཨར་སྟོན་རྒྱས་པར་མཛད་ཐོག་དྲན་གསོའི་རྟེན་དུ་ཕོ་བྲང་གི་མདུན་དུ་རྡོ་རིང་ནང་མ་བཙུགས་པ་སོགས་མཛད་རྗེས་མང་པོ་དེང་སང་ཡང་མཇལ་རྒྱུ་ཡོད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་པ་གནང་ཡོད་དོ། །
མདོར་ན་ཕོ་བྲང་འདི་ཉིད་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བཞེངས་འགོ་ཚུགས་པ་ནས་ད་བར་དུ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་དེའི་རིང་དུས་རབས་རིམ་ཅན་གྱི་ནང་དུ་རྒྱས་བསྐྲུན་དང་། ཉམས་གསོ་ཐེངས་མང་བྱས་པ་བརྒྱུད་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན། ད་ལྟ་ཕོ་བྲང་འདིར་ཐོག་ཚད་རིམ་པ་བཅུ་གསུམ་ལྡན་ཞིང་། མཐོ་ཚད་སྤྱི་ཁྲེ་བརྒྱ་དང་བཅུ་བདུན་དང་སྐར་མ་བཅུ་གསུམ་ཙམ་ཡོད། ཕོ་བྲང་གི་ཤར་ནས་ནུབ་བར་གྱི་རིང་ཚད་སྤྱི་ཁྲེ་བཞི་བརྒྱ་ལྷག་ཙམ་ཟིན་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཁྲི་ཚོ་བཅུ་གསུམ་ཡོད། ཕྱི་ཡི་རྩིག་ངོས་སུ་བཙག་དང་ས་དཀར་གསོལ་བ་དང་། གསེར་ཟངས་ཀྱི་རྒྱ་ཕིབས་ལས་ཕྱོགས་བཞིར་འོད་ཟེར་རབ་ཏུ་འཕྲོ་བས་ཀུན་ནས་བརྒྱན་ཅིང་། ཕོ་བྲང་འདི་ནི་བརྗིད་ཉམས་ཆེ་ཞིང་ངོ་མཚར་ཁྱད་དུ་འཕགས་པ་ལྷའི་གཞལ་ཡས་ཁང་ལྟ་བུ་ཞིག་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།ཕྱི་ཚུལ་ནས་བལྟས་ན་ཕོ་བྲང་འདི་ཁག་གཉིས་སུ་དབྱེ་བ་སྟེ་ས་དཀར་གསོལ་བ་རྣམས་ཕོ་བྲང་དཀར་པོ་དང་། བཙག་དམར་གསོལ་བ་རྣམས་ཕོ་བྲང་དམར་པོར་ངོས་འཛིན་གྱི་ཡོད་ལ། བེད་སྤྱོད་ཀྱི་ངོས་ནས་བཤད་ན་ཕོ་བྲང་དཀར་པོ་ནི་གཙོ་བོར་དེང་རབས་ཀྱི་ཏཱ་ལའི་བླ་མའི་བཞུགས་གནས་དང་ཆོས་སྲིད་གཉིས་ཀའི་མཛད་སྒོ་གནང་ས་ཡིན་པ་དང་། ཕོ་བྲང་དམར་པོ་ནི་གཙོ་བོར་སྔོན་གྱི་ཏཱ་ལའི་བླ་མ་རིམ་བྱོན་རྣམ་པའི་སྐུ་གདུང་ལྷ་ཁང་དང་། མཆོད་ཁང་ཁག་ཡིན། ཕོ་བྲང་འདིའི་ནང་གཟིམ་ཆུང་དང་ལྷ་ཁང་དང་། མཆོད་ཁང་ཁག་ཡིན། ཕོ་བྲང་འདིའི་ནང་གཟིམ་ཆུང་དང་ལྷ་ཁང་སོགས་ཤིན་ཏུ་མང་བས་རེ་རེ་བཞིན་བརྗོད་ཚོད་མེད་གཤིས་འདིར་དད་ལྡན་སྐྱེ་བོ་རྣམས་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོར་སྨན་ཆེན་གཙོ་གྲས་འགའ་ངོ་སྤྲོད་རགས་ཙམ་ཞུས་ན།
ཕོ་བྲང་གི་མདུན་དུ་ཡོད་པའི་རྡོ་རིང་ནང་མ་ནས་འགོ་ཚུགས་ཏེ་རྡོ་སྐས་རིམ་པ་བརྒྱུད་དེ་ཤར་དུ་བསྐྱོད་ཚེ་སྒོ་འཕྱོར་འོག་ཏུ་ཀ་སྤུངས་བརྐོས་དཀྲོལ་མ་ཆེན་པོ་བཞི་དང་། ལྡེབས་བྲིས་སུ་རྒྱལ་ཆེན་བཞི། བྲེ་ཁ་དང་སྒོ་ཕིབས་ཀྱི་བར་དུ་སེང་གེ་བརྐོས་དཀྲོལ་མ་སྟར་འཕྲེང་གཅིག་བཅས་དང་ལྡན་པའི་ཤར་སྒོ་ཕུན་ཚོགས་འདུ་ལམ་དུ་སླེབས། ནུབ་ཏུ་བསྐྱོད་ཚེ་སྒོ་འཕྱོར་འོག་གི་རྒྱན་རིས་བཀོད་པ་ཤར་སྒོ་ཆེན་མོ་དང་འདྲ་བའི་ཐོག་འཛུལ་མ་ཐག་ཏུ་མ་ཎི་འཁོར་ཆེན་གཉིས་བཞུགས་པའི་ནུབ་སྒོ་བྱང་ཆེན་ཐར་ལམ་དུ་སླེབས། དེ་ནས་ཤར་ནུབ་གཉིས་ཀྱི་སྒོ་མོ་ཆེའི་ནང་ཁུལ་གྱི་གཡས་གཡོན་གྱི་རྩིག་ཞེང་སྤྱི་ཁྲེ་བཞི་ཙམ་ཡོད་པའི་སྦུག་ལམ་གྱི་རྡོ་སྐས་བརྒྱུད་ཕོ་བྲང་དཀར་པོའི་བདེ་ཡངས་ཤར་ནུབ་གཉིས་སུ་སླེབས། བདེ་ཡངས་ཤར་ནི་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་གྱི་འཆམ་གཟིགས་མཛད་ཡུལ་ཡིན་པས་རྡོ་བཅལ་ཡོངས་ཀྱི་རྒྱ་ཁྱོན་སྤྱེ་ཁྲེ་གྲུ་བཞི་མ་ཆིག་སྟོང་དྲུག་བརྒྱ་ལྷག་ཙམ་ཡོད། དེར་ལོ་རེའི་ཞོ་སྟོན་གྱི་གོང་དང་རྩེ་དགུ་གཏོར་སྐབས་གར་འཆམ་ཏེ་ཆེད་མངགས་རྒྱལ་དབང་མཆོག་ལ་གཟིགས་མོ་འབུལ་སྲོལ་ཡོད། བདེ་ཡངས་ཤར་ནས་ཁ་ནུབ་ཏུ་ཕྱོགས་ཏེ་གསུམ་སྐས་བརྒྱུད་སྟེང་དུ་་སོང་ན་དང་ཐོག་བདེ་གསུམ་དགེ་ལམ་ཞེས་པའི་སྒོ་མཆོར་འོག་ཏུ་སླེབས། དེ་ནི་ཕོ་བྲང་ནང་གི་འགྲོ་ལམ་ལྟེ་བ་དེ་ཡིན། སྒོ་མཆོར་དེའི་སྐྱ་ལྡེབས་སུ་བྲིས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན། ནུབ་ཀྱི་སྐྱ་ལྡེབས་སུ་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་སངས་རྒྱས་རྒྱ་མཚོར་སྡེ་སྲིད་ཀྱི་དབུ་གསན་བསྩལ་བའི་རྩ་ཚིག་བཞུགས། ཤར་ངོས་སུ་ཐང་གི་རྒྱལ་ས་ཁྲང་ཨན་དུ་བོད་བློན་མགར་སྟོང་བཙན་གྱིས་བློ་གྲོས་དང་རིགས་པའི་རྩལ་ལ་བརྟེན་ནས་རྒྱ་བཟའ་བསུ་བའི་ལོ་རྒྱུས་དང་། བྱང་ངོས་ཀྱི་སྐྱ་ལྡེབས་སུ་རྒྱ་བཟའ་བོད་དུ་བྱོན་པའི་སྐོར་དང་ལྷ་སར་ཞབས་ཟུང་འཁོད་ལུགས་སོགས་ཀྱི་ལྡེབས་བྲིས་ཚར་དུ་དངར་བ་བཀོད་ཡོད།
ཚོམས་ཆེན་ཤར་སྲིད་ཞི་ཕུན་ཚོགས་རྙིང་པ་དེ་སྤྱི་ལོ་༡༦༤༥ལོར་རྒྱལ་དབང་ལྔ་པས་བོད་ཀྱི་སྲིད་དབང་བཞེས་རྗེས་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་གསར་སྐྲུན་བྱས་པ་རེད། ཚོམས་ཆེན་དེར་ཀ་རིང་གཉིས་དང་ཀ་ཐུང་བཞི་བཅུ་བཅས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༦༢༤ཙམ་གྱི་ས་ཡོད་པས་ཕོ་བྲང་དཀར་པོའི་ཚོམས་ཆེན་ཆེ་ཤོས་དེ་ཡིན། སྤྱི་ལོ༡༦༥༣ལོར་ཆིང་གི་གོང་མ་ཤུན་ཙིས་ཏཱ་བླ་སྐུ་ཕྲེང་ལྔ་པར་ནུབ་ཕྱོགས་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་ཆོ་ལོ་གནང་བ་ནས་བཟུང་རྗེས་སོར་གྱི་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་ཚང་མར་ཀྲུང་དབྱང་གིས་དངོས་སུ་མཚན་གནས་ཆོ་ལོ་གནང་དགོས་པ་མ་ཟད། བོད་སྡོད་ཨམ་བན་ནས་ཏཱ་ལའི་བླ་མའི་སྲིད་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་བྱེད་དགོས་པས་ཚོམས་ཆེན་འདིའི་ནང་མཛད་སྒོ་དེ་རིགས་ཀྱིས་མཚོན་པའི་བོད་ཀྱི་ཆོས་སྲིད་ཀྱི་མཛད་ཆེན་ཁག་གནང་ཡུལ་ཡིན།
ཚོམས་ཆེན་ཤར་གྱི་སྟེང་ཐོག་ཏུ་སོང་ན་ཕོ་བྲང་དཀར་པོའི་ཡང་ཐོག་ཏུ་སླེབས། དེའི་ནུབ་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པའི་གཟིམ་ཆུང་ཉི་འོད་བསོད་ནམས་ལེགས་འཁྱིལ་དང་། ཤར་དུ་སྐུ་ཕྲེང་བཅུ་བཞི་པའི་གཟིམ་ཆུང་ཤར་རྒྱུད་ཉི་འོད་བཅས་གཟིམ་ཆུང་ཁག་གཉིས་ཡོད།ཕོ་བྲང་དམར་པོའི་གྲུབ་ཆ་གཙོ་བོ་ནི་ཏཱ་ལའི་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་དང་མཆོད་ཁང་ཁག་ཡིན། དེར་ཁྱོན་བསྡོམས་སྐུ་གདུང་ཁག་བརྒྱད་ཡོད་པའི་ནང་ནས་ཏཱ་ལའི་སྐུ་ཕྲེང་ལྔ་པའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ནི་གདུང་རྟེན་གྱི་ནང་ནས་སྔ་མ་དེ་ཡིན་ལ་ཆེ་ཤོས་ཀྱང་དེ་ཡིན། སྐུ་གདུང་ཁང་འདི་ཐོག་ཚད་རིམ་པ་གསུམ་དང་ལྡན་ཞིང་གསེར་སྡོང་གི་མཐོ་ཚད་ལ་སྤྱི་ཁྲེ་༡༤.༨༥ཡོད། དེ་ཡང་སེང་ཁྲི་དང་པད་གདན། བུམ་པ། ཆོས་འཁོར་བཅུ་གསུམ། ཉི་ཟླ་པདྨའི་ཏོག་བཅས་སུ་དབྱེ། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་གདུང་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས། གདུང་རྟེན་གྱི་ཕྱི་ངོས་རྣམས་གསེར་ལེབ་བརྡུང་ཡིན་པས་ཁྱོན་བསྡོམས་གསེར་སྲང་ཆིག་འབུམ་ཆིག་ཁྲི་ལྷག་ཙམ་སྤྱད་ཡོད་པ་དང་། ད་དུང་རིན་པོ་ཆེའི་ཕྲ་ཚོམ་དུ་མས་བརྒྱན་ཡོད། གསེར་གདུང་ཁང་འདིའི་མདོ་རུ་ཀ་བ་ལྔ་བཅུ་ཙམ་ཡོད་པའི་ནུབ་ཀྱི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་རྒྱ་ཁྱོན་གྱི་སྤྱི་ཁྲེ་གྲུ་བཞི་མ་དྲུག་བརྒྱ་བརྒྱད་ཅུ་ལྷག་ཙམ་ཟིན་པ་ཞིག་ཡོད། དེ་ནི་ཕོ་བྲང་དམར་པོའི་ནང་གི་ཚོམས་ཆེན་ཆེ་ཤོས་དེ་ཡིན། ཚོམས་ཆེན་དེའི་ནང་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་ཁྲི་ལོ་ཉེར་ལྔ་ལོར་གནང་བའི་པདྨ་རྒྱས་པའི་འབྱུང་གནས་ཞེས་འཁོད་པའི་སྒོ་བན་བཀལ་ཡོད། ཚོམས་ཆེན་གྱི་དབུས་སུ་ཏཱ་ལའི་བླ་མའི་བཞུགས་ཁྲི་བརྒྱབ་ཡོད་པ་དང་། ཕྱོགས་བཞིའི་སྐྱ་ལྡེབས་སུ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ལྡེབས་བྲིས་སུ་བཀོད་ཡོད་ཅིང་། དེ་ཁྲོད་ནས་ཤར་ངོས་ཀྱི་ལྡེབས་སུ་སྤྱི་ལོ་༡༦༥༢ལོར་རྒྱལ་མཆོག་ལྔ་པ་ཆེན་པོ་པེ་ཅིང་དུ་གོང་མ་ཤུན་ཙི་དང་མཇལ་འཛོམས་གནང་བའི་ལོ་རྒྱུས་བཀོད་འདུག ད་དུང་ཚོམས་ཆེན་དེའི་ནང་གོང་མ་ཁང་ཤིས་གནང་བའི་གྱང་ཁེབས་ཚེམ་དྲུབ་མ་ཆ་གཅིག་ཡོད་པ་དེ་ནི་ཏཱ་ལའི་བླ་མ་གསེར་ཁྲི་མངའ་གསོལ་སོགས་གལ་ཆེའི་མཛད་སྒོ་ཆེ་རིགས་འཚོག་སྐབས་ཆེ་བ་མཚོན་ཆེད་དུ་ཚོམས་ཆེན་ནང་འགེལ་གྱི་ཡོད། ཤོད་རྒྱུན་ལྟར་ན་གྱང་ཁེབས་ཆ་གཅིག་པོ་དེ་བཟོ་ཆེད་དུ་གོང་མ་ཁང་ཤིས་ཆེད་མངགས་འཐག་ཁང་ཞིག་གསར་དུ་བརྒྱབ་ནས་འཐག་ལས་ལོ་གཅིག་ཙམ་བསྐུལ་ཏེ་ལེགས་གྲུབ་ཟིན་མཚམས་ཕོ་ཉ་ཆེད་གཏོང་གིས་བོད་ས་གནས་སྲིད་གཞུང་ལ་གནང་བ་ཡིན་ཞེས་ཤོད་སྲོལ་ཆགས། ཚོམས་ཆེན་གྱི་ཕྱོགས་བཞིར་ལམ་རིམ་བླ་བརྒྱུད་ལྷ་ཁང་དང་། རིག་འཛིན་ལྷ་ཁང་གིས་མཚོན་པའི་མཆོད་ཁང་མང་པོ་ཡོད་པ་དེ་དག་གི་ནང་དུ་རྒྱལ་བའི་བཀའ་བསྟན་འགྱུར་སོགས་གསུང་རབ་དུ་མ་བཞུགས།
དེ་ནས་སྟེང་དུ་སོང་ནས་ཆོས་རྒྱལ་སྒྲུབ་ཕུག་ཡོད། དེ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཞེངས་པའི་ལྷ་ཁང་ཞིག་ཡིན་པར་གྲགས་པ་དང་། ཕོ་བྲང་པོ་ཏ་ལའི་ཐོག་མའི་ཁང་རྒྱུད་རྙིང་ཁོངས་ཀྱི་གྲས་ཤིག་ཡིན། དེའི་ནང་རྟེན་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱ་བཟའ། བལ་བཟའ། དེ་བཞིན་ཆོས་བློན་མགར་སྟོང་བཙན་དང་ཐོན་མི་སམ་བྷོ་ཊ་ལ་སོགས་པའི་སྐུ་བརྙན་བཞུགས། འཇིམ་སྐུ་དེ་རྣམས་བཙན་པོའི་སྐུ་དུས་སུ་བཞེངས་སྐད།
དེ་ནས་སྟེང་དུ་སོང་ན་འཕགས་པ་ལྷ་ཁང་ཡིན། དེའི་ནང་རྟེན་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཁྱད་པར་ཅན་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་བཞུགས། ཕོ་བྲང་པོ་ཏ་ལའི་རྟེན་གྱི་གཙོ་བོ་ཡང་དེ་ཡིན། འཕགས་པ་ལྷ་ཁང་གི་སྒོ་ཐོད་དུ་ཆིང་གི་གོང་མ་དུང་ཀྲིས་གནང་བའི་བསོད་ནམས་ཞིང་གི་ངོ་མཚར་འབྲས་བུ་ཞེས་འཁོད་པའི་སྒོ་བན་བཀལ་ཡོད།
གཟིམ་ཆུང་ས་གསུམ་རྣམ་རྒྱལ་ནི་ཕོ་བྲང་དམར་པོའི་དབུས་ཀྱི་གཟིམ་ཆུང་མཐོ་ཤོས་དེ་ཡིན། དེའི་ནང་གོང་མ་ཆན་ལུང་གི་སྐུ་ཐང་དང་རྒྱ་བོད་མན་སོག་ཡིག་རིགས་བཞི་ཐོག་ནས་སྐལ་པའི་མངའ་བདག་ཧོང་དེ་སྐུ་ཚེ་ཁྲི་ཕྲག་ཁྲི་ཕྲག་ཅེས་བྲིས་པའི་བྱང་བུ་བཀལ་ཡོད། ཏཱ་ལའི་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ནི་སྐུ་དུས་ནས་བཟུང་ཏཱ་ལའི་རིམ་བྱོན་གྱིས་ལོ་ལྟར་བོད་ཀྱི་ལོ་གསར་ཚེས་གསུམ་གྱི་ཞོགས་པ་གོང་མའི་སྐུ་ཐང་མདུན་དུ་མཇལ་ཞུར་ཕེབས་སྲོལ་ཡོད་པས་དེ་ཐོག་ནས་མེས་རྒྱལ་ཁྱིམ་ཚང་གཅིག་ཡིན་པ་མཚོན་པར་བྱེད།
མཆོད་ཁང་འཆི་མེད་བདེ་ལྡན་འཁྱིལ་ནི་གཟིམ་ཆུང་ས་གསུམ་རྣམ་རྒྱལ་གྱི་ནུབ་ཏུ་ཡོད། དེ་ནི་སྤྱི་ལོ་༡༦༩༠ལོར་བཞེངས་ཤིང་སྔར་དེ་གར་ཏཱ་བླ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐབས་མཛད་སྒོ་ཁང་མཛད་མྱོང་། མཆོད་ཁང་དེའི་ནང་རྟེན་སྐུ་འདྲ་རྣམས་བཟོ་བཀོད་དོད་ལ་གསོན་ཉམས་བྱོན་གཙང་ལེགས་པར་སྣང་།
ཕོ་བྲང་དམར་པོའི་ནུབ་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་ཁང་ཡོད། དེ་ནི་ཕོ་བྲང་དམར་པོའི་མཁར་གྱི་མཇུག་མ་དེ་ཡིན། གསེར་སྡོང་ཁང་འདི་ནི་༡༩༣༣ལོར་ལས་འགོ་ཚུགས་པ་དང་། ༡༩༣༦ལོར་བཞེངས་བསྐྲུན་ཟིན། གསེར་སྡོང་ཁང་དེར་ཐོག་ཚད་གསུམ་དང་ལྡན་ཞིང་གསེར་སྡོང་གི་མཐོ་ཚད་ལ་སྤྱི་ཁྲེ་བཅུ་བཞི་ཡོད། གདུང་རྟེན་གྱི་ཕྱི་རྒྱ་ཧྲིལ་པོར་ཕ་ལམ་དང་གཡུ་བྱུར། མུ་ཏིག་ལ་སོགས་པའི་རིན་པོ་ཆེའི་ཕྲ་ཚོམ་གྱིས་ཀུན་ནས་བཏུམས། དེའི་མདུན་དུ་གོ་མིན་ཏང་སྲིད་གཞུང་གི་སྐུ་ཚབ་ཧོར་མུ་སུང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པའི་དགོངས་ཚོགས་ཕུལ་བའི་གསེར་ཀོང་བསྒྲིགས་ཡོད་པ་མ་ཟད། ད་དུང་མུ་ཏིག་རྡོག་ཉིས་ཁྲི་ལྷག་ཙམ་ལས་གྲུབ་པའི་མཎྜལ་ཞིག་དང་། སློབ་དཔོན་པདྨས་གཏེར་དུ་སྦས་པ་དང་གླིང་རྗེ་གེ་སར་རྒྱལ་པོས་གཏེར་ནས་བཞེས་པར་གྲགས་པའི་ཆོས་དུང་ཁམས་གསུམ་འབྲུག་གྲགས་ཞེས་པ་བཅས་བསྒྲིགས་ཡོད། གསེར་སྡོང་དེའི་མཚན་ལ་གསེར་སྡོང་དགེ་ལེགས་འདོད་འཇོ་ཟེར་ཞིང་། གསེར་སྡོང་ཁང་དེའི་སུམ་ཐོག་བཞིན་རས་ལྷ་ཁང་གི་སྐྱ་ལྡེབས་སུ་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་མཛད་རྣམ་བཀོད་ཡོད་པ་དེའི་ནང་སྤྱི་ལོ་༡༩༠༨ལོར་གང་ཉིད་པེ་ཅིང་དུ་ཕེབས་ནས་རྒྱལ་ཡུམ་ཚེ་ཤིས་ཐེ་ཧོ་དང་གོང་མ་ཀྭང་ཤུ་སོགས་དང་མཇལ་འཛོམས་གནང་བའི་ལོ་རྒྱུས་བཀོད་ཡོད། གསེར་སྡོང་ཁང་དེར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། རྒྱལ་མཚན། སྤེན་རྒྱན་བཅས་བསྒྲོན་ཡོད་པ་དེས་རྩེ་པོ་ཏ་ལའི་རྩེ་མོར་གྲུབ།
ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་གྱི་སྒྱུ་རྩལ་ཐད་གཙོ་བོ་བོད་རིགས་རང་གི་སྲོལ་རྒྱུན་ལྡན་པའི་རྡོ་ཤིང་ཨར་པོའི་ཁྱད་ཆོས་ལྡན་ཁར་གདུང་མ་དང་། གཞུ། འབེ་ལོག རྒྱ་ཕིབས་སོགས་ལ་རྒྱ་བཟོའི་ཁྱད་ཆོད་ཀྱང་ཉམས་ལེན་བྱས་ཡོད། ཕོ་བྲང་འདི་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཅིག་ཡིན་ལ་རྒྱ་བོད་མི་རིགས་དབར་རིག་གནས་དང་ལག་རྩལ་སྤེལ་རེས་བྱས་པའི་མཚོན་བྱེད་ཅིག་ཀྱང་རེད།
༡༩༦༡ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕོ་བྲང་འདི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག་ནས་ལོ་ལྟར་གྲོན་དངུལ་བཏང་སྟེ་ཞིག་གསོ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་གནས་སྒོ་ཡངས་པོར་ཕྱེ་ཡོད།
འཕྲིན་སྟེགས། weikangba