དཔལ་གསང་བ་འདུས་པའི་ནམ་ངག་ཡིག་ཆུང་གི་སྐོར་རྣམས་བཞུགས་སོ། །

2016-06-22
369

༄༅། ། དཔལ་གསང་བ་འདུས་པའི་ནམ་ངག་ཡིག་ཆུང་གི་སྐོར་རྣམས་བཞུགས་སོ། །

༄༅༅། །བཀའ་དྲིན་འཁོར་མེད་རིག་པ་སེང་གེ་ལ། །སྙིང་ནས་འདུད་དོ་ཚད་མེད་ཐུགས་རྗེས་གཟིགས། །རབ་དཀར་དད་གུས་དྲག་པོས་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། །གནས་ཚུལ་གྲུ་གཟིངས་རིག་པའི་སྐྱ་བ་འཛིན། །དེད་དཔོན་བཤེས་གཉེན་མཆོག་གི་ཞབས་བཏུད་ནས། །ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག །ཡི་གེར་བཀོད་ལ་བསྲུང་མས་གྲོགས་མཛོད་ཅིག །དེ་ལ་ཞི་ལྷག་གི་མཚན་ཉིད་དང་། རྒྱུ་ཚོགས་བརྟེན་པའི་རིམ་པ་ལ་སོགས་པ་རྣམས་མཐའ་དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱས་ལ། འདིར་ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་བྲི་བར་བྱའོ། །དེ་ཡང་ཞི་ལྷག་གང་གི་སྐབས་སུ་ཡང་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། བྱོང་རྒོད་བཙན་ཐབས་སུ་སེལ་ཚུལ་ནི། བྱིང་རྒོད་ཤས་ཆུང་ཞིང་ལན་རེ་ཙམ་ལས་མི་འགྱུར་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་མཁས་པས་སེལ་ལ། བྱིང་རྒོད་ཤིན་ཏུ་ཤས་ཆེ་ཞིང་ཡང་ཡང་འབྱུང་པ་ལ་ནི། འདི་ལྟར་བྱིང་བ་དང་རྨུགས་པ་ཡང་ཡང་འབྱུང་ན། རང་གི་སེམས་དང་ནམ་མཁའ་གསལ་སྟོང་གཉིས་དབྱེར་མེད་དུ་བསྲེས་ནས་བཟུང་བས། སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་འདོད་པ་བཞིན་གནས་པ་ཞིག་འོང་བ་ཡིན་ནོ། །རྒོད་པ་ལ་ནི་རླུང་སྦྱོར་བྱས་ཏེ་ནང་དུ་བཟུང་བས་སེམས་ཡང་གནས་ཤིང་། རིག་པ་དྭངས་སྙིགས་ཕྱེ་ནས་འོང་བ་ཡིན་ནོ། །བྱིང་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ། །གང་ལ་འཇོག་པའི་དམིགས་པ་དང་། ཇི་ལྟར་འཇོག་པའི་དམིགས་ཚུལ་དང་། དམིགས་པ་བསྒོམ་པས་མྱོང་བ་སྐྱེ་ཚུལ་དང་བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང་ཁྱད་པར་རྣམས་ཤེས་པར་བྱ་དགོས་སོ། །ལྷག་མཐོང་ལ་ཐོག་མར་དགག་བྱ་དེའི་ཚད་འཆར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ་ང་ཙམ་ཇི་ལྟར་འཆར་བལྟ། དེ་ངེས་ནས་ང་ཙམ་ངའོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་ལྟ། སྣང་ཚུལ་ངེས་ནས་ངའོ་སྙམ་པའི་བློ་འདིས། ང་ཇི་ལྟར་བཟུང་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔོན་དུ་སྣང་བའི་འཆར་ཚུལ་དང་། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། །བལྟ་ཚུལ་ཡང་ངའོ་སྙམ་པའི་བློ་མ་ཤོར་བར་བྱས་ནས་བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང་མི་འཆར་བ་གཉིས་དང་། འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་ལྟར་དུ་འཆར་བ་དང་། ཕུང་པོ་ལས་གཞན་མི་འཆར་བ་དང་། མི་འཆར་བ་ཡང་ཅི་མེད་ཀྱི་སྟོང་སང་ལྟ་བུ་དང་། ཁ་དོག་དང་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་རྣམས་ནི་འཆར་ཚུལ་རྣམ་དག་མིན་ནོ། །དེས་ན་བློ་ལྷན་སྐྱེས་འདི་ལ་ང་ཡུལ་གང་ལ་ཡང་ལྟོས་ས་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་ཞིག་འཆར་ལ། དེ་ཉིད་ཐ་སྙད་སྲེང་བ་དང་། ཕོབ་ཕོབ་པ་དང་། ནུས་པ་ལྷང་ངེ་བ་དང་། ལམ་མེ་བ་སོགས་གང་དང་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ངོ་། །སྣང་བ་དེ་ཡང་ཡུན་ཐུང་བས་ཕྲེང་ཙམ་ལས་མི་འཆར་རོ། །དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་གྲུབ་གྲུབ་པ་གཅིག་དྲན་པ་ལྟར་དུ་འཆར་རོ། །འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་། །དེ་ཡང་ང་ན་ཞེས་པ་དང་ངའི་ལག་པ་ན་ཞེས་པ་ལྟ་བུའམ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། །ཞེས་པ་ལྟ་བུ་ནི་ངར་ཞེན་པ་ཡིན་ནོ། །ངའོ་སྙམ་པའི་བློ་ནི་ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། །དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན་ཕུང་པོ་ལས་གཅིག་ཐ་དད་གང་རུང་ལས་མི་འདའི་ཚུལ་དང་། གཅིག་ཐ་དད་གཉིས་ཀ་ལ་གནོད་པ་ཡོད་པའི་ཚུལ་བསམས་ནས། ང་སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་ན། ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོང་ཚུལ་གྱི་གནད་དམ་པའོ། །དེའི་ཚེ་ཡང་དགག་བྱ་གསལ་བཏབ་ནས་དེ་ལྟར་དུ་མེད་དེ་སྙམ་དུ་བྱེད་པ་མིན་ཏེ། དང་པོར་དགག་བྱ་གསལ་བཏབ་སྟེ། དེ་ལྟར་མེད་པར་ངེས་པའི་ངེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། །དེ་ལ་གནད་བཞིར་བྱས་ན། དང་པོ་དགག་བྱ་དེ་ངེས་པ། གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཕྱོགས་ཆོས་ཀྱི་ཟུར་དང་པོ་ངེས་པ། བཞི་པ་ཕྱོགས་ཆོས་ཀྱི་ཟུར་གཉིས་པ་ངེས་པ་དང་བཞི་ལས། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་ཐ་དད་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པར་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་པའི་ཚད་མ་དང་བཞིའོ། །དེ་ལ་བོགས་འདོན་པ་ཡིན་ན། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན་ལ། གེགས་སེལ་ལ་ཆད་ལྟ་ནི་གནད་དང་པོའི་ཚད་མས་ངེས་ན་མི་འབྱུང་ཡང་བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་མེད་འདི་ཀས་སེལ་ནུས་སོ། །སྟོང་ཉིད་རྒྱང་ཆད་དུ་བསྒོམ་ན་བདེན་གྲུབ་ཀྱི་རྟག་ལྟ་བསྒོམས་པར་འགྱུར་བས། བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ་མོ། །ང་ཡི་བའི་འཆར་ཚུལ་ནི། ང་ཡི་འོ་སྙམ་པའི་བློ་སྤྱི་འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམ་པ་ན། བློ་དེ་དང་སྙམ་དུ་ལིང་ཆད་དུ་ཆར་ཆར་བ་འདྲ་བ་ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་གྲུབ་ན། མིག་སྣ་སོགས་དང་གཅིག་ཐ་དང་གང་རུང་དུ་གྲུབ་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས། མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་ལ། རྣ་བས་ཀྱང་གཟུགས་མཐོང་བ་སོགས་སུ་འགྱུར་རོ། །ཐ་དད་དུ་གྲུབ་ན་ང་ཡིའོ་སྙམ་པའི་བློ་དེ་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་པ་ཡོད་པ་དང་། ང་ཡི་བ་རྣམས་བདེ་བ་བསྒྲུབ་བྱ་མིན་པར་འགྱུར་བས། དེ་ལྟར་ངེས་པ་དྲངས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཤེས་པའི་འཆར་ཚུལ་ལ་ཡང་བལྟ་སྟེ། དེ་ཡང་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། །དེའི་ཡང་ངེས་པ་འདྲེན་ཚུལ་དང་སྐྱོང་ཚུལ་མཉམ་རྗེས་སོགས་སྔར་དང་འདྲའོ། །དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ་མོ། །དེ་ནས་གང་ཟག་གཞན་དང་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱིས་སྟེང་དུ་བསྒོམ་མོ། །དེའི་འཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བའི་བརྟན་ཚུགས་པའི་རྣམ་པར་འཆར་རོ། །ཐ་སྙད་དུ་ཡོད་པར་བཤད་པ་ནི་མིང་ཙམ་ཞིག་ཡོད་པ་ཡིན་ལ། རིག་པས་མེད་པར་སྒྲུབ་པ་ནི། བློ་མ་རིག་པས་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་མེད་པར་སྒྲུབ་པ་ཡིན་ནོ། །ཙོང་ཁ་པའི་རིང་ལུགས་གསལ་མཛད་ཆོས་ཀྱི་རྗེ། །མཁས་གྲུབ་ལེགས་བཤད་འོད་དཀར་རྒྱས་པ་དེས། །གང་གི་བློ་མུན་བསལ་བའི་མཐུ་བྱུང་བ། །ཞལ་ཤེས་གནད་ཀྱི་ཐོ་ཡིག་བྲིས་པ་འདིས། །འགྲོ་བའི་སྙིང་གི་མུན་པ་སེལ་གྱུར་ཅིག །ཞལ་ཤེས་གནད་ཀྱི་ཐིམ་ཡིག་དགེའོ། །རྡོ་རྗེ་འཆང་དབང་གང་དེའི་བརྩེ་བ་ཡིས། །རོལ་པས་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། །རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བརྩེ་བའི་ཐུགས་ཀྱིས་རྟག་པར་གཟིགས་སུ་གསོལ། །དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་བཤད་པར་བྱའོ། །དེ་ལ་ཐོག་མར་སྔོན་འགྲོ་གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་བསྐྱེད་པའི་མདུན་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་ཤ་ལྔ་བདུད་རྩི་ལྔ་བྱིན་གྱིས་བརླབས་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ནས། ཕྱོགས་སྐྱོང་འཁོར་བཅས་རང་གི་ཕྱོགས་མཚམས་སུ་བཀུག་སྟེ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩི་དེ་ནས་ཐོད་པས་བཅུས་ནས་སོ་སོའི་མདུན་དུ་མཆོད་པས་བཞེས་པར་བསམ་པའོ། །དཀྱིལ་འཁོར་པའི་ལྷ་ལ་འབུལ་བ་ཡང་དམིགས་པ་འདྲ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ། །བསྲུང་འཁོར་གྱི་གནད་ནི། གཅོད་པའི་འཁོར་ལོའི་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ་ཉི་གདན་ལ་ཅུང་ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་དབུས་སུ་གཞལ་ཡས་ཁང་བསྒོམས་ན་ཡང་ཤིན་ཏུ་ལེགས་ཤིང་། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིགས་པ་སྦྱོར་ན་ཡང་ཐོབ་པ་ཡིན་ནོ། །དེ་ཡང་བསྲུང་འཁོར་གྲུབ་ཙམ་ནས་འབྲུ་བ་ཁུང་དང་ཕུར་བུ་སོགས་ཀྱང་གསལ་གདབ་བོ། །གནས་གསུམ་གྱི་ཡི་གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །སྒོ་གསུམ་བྱིན་རླབས་དང་སེམས་དཔའ་སུམ་རྩེགས་གི་ཚེ་སྔ་ཕྱིར་ཐུགས་ཀར་ཧཱུཾ་ཡིག་གཉིས་བྱུང་ཡང་ཐ་དད་དུ་མོས་པ་མ་གཏོགས་ཧཱུཾ་ཡིག་གཅིག་གིས་ཆོས་པ་ཡིན་ནོ། །ཡུལ་ཅན་བདེ་བས་སྟོང་པ་བསྒོམ་པའི་གནད་ནི། །བསྐྱེད་རིམ་གྱི་སྐབས་སུ་གཙོ་བོ་ཡིད་བདེ་ཡིན་པས་དེས་སྟོང་པ་སྔར་ངེས་ཟིན་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་ལ་གཉིས་སྣང་གིས་བར་ཆོད་ན་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡིན་ནོ། །དེ་ལ་ང་རྒྱལ་འཇོག་པའི་གནད་ནི། ཐ་མལ་གྱི་ཕུང་པོ་དང་བདག་གཉིས་ངའོ་སྙམ་པའི་བློས་མིང་དོན་གཅིག་ཏུ་བཟུང་ནས་ཞེན་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་པ་ཉིད་ལ་གདགས་གཞིར་བྱས་ནས་ང་བཏགས་ཆོས་སུ་བྱས་ཏེ་མིང་དོན་གཅིག་ཏུ་གཟུང་པའི་བདེན་འཛིན་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། །གཟུང་རྣམ་ལྷར་འཆར་ཚུལ་གྱི་གནད་ནི། །གཟུང་རྒྱུའི་ཡུལ་སྟོང་པ་ཉིད་དང་འཛིན་མཁན་ནི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བོ། །རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་བདེ་སྟོང་དབྱེར་མེད་དེ་ཉིད་ཡིན་པ་ལ། རྣམ་པ་ལྷ་དང་གཞལ་ཡས་ཁང་དུ་གྲུབ་པར་བསྒོམ་པའོ། །ལྷག་མོས་ལུས་ལ་བསྡུས་ནས་ད་ལྟ་ཐིམ་པར་བསྒོམ་པ་ནི། གནས་དེ་ཉིད་དུ་ཕར་ལུས་ཀྱི་ནང་དུ་ཐིམ་པར་བསྒོམ་པ་དང་། འཆི་བའི་ཚེ་ལྟ་བུ་ནི་ཆོས་སྐུར་ཐིམ་པར་བསྒོམ་པའོ། །དང་པོའི་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི། གོ་ས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ། དེ་ནས་སྐུ་དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ན་ལུས་ཀྱི་ཆ་ཤས་དེ་དང་དེར་གྱུར་པ་ལས་བསྐྱེད་པར་མོས་པ་མ་གཏོགས་རྣམ་པ་བསྡུས་ནས་དེར་གྱུར་པར་བསམ་པ་མིན་ནོ། །ལུས་ཀྱི་གནས་རྣམས་སུ་ལྷ་བསྒོམ་པ་ཡང་། གོ་ས་གཅིག་ཏུ་ལྷ་མང་པོ་བསྒོམ་པ་འཆར་དཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམས་ཀྱང་རུང་ལ། རིགས་བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས་སེམས་དཔའ་གསུམ་ཚིམ་ཞིང་དགའ་བདེ་དཔག་ཏུ་མེད་པ་སྐྱེས་པར་ཡང་ཡང་བསམ་པ་གནད་ཆེའོ། །རིག་མ་འབྱིན་པའི་གནད་ནི། ཐོག་མར་སྙིང་ཁ་ནས། སྨེ་ཤ་ཅན་ལ་སོགས་པ་རང་རིགས་ཀྱི་མི་མོའི་རྣམ་པ་ཅན་ཡིད་ལ་གཅགས་པའི་བུ་མོའི་རྣམ་པ་གཅིག་ཕྱུང་སྟེ། དེ་ཉིད་བསངས་སྦྱངས་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་པའོ། །ཕཊ་ཡིག་གི་གནད་ནི། །དབུ་ཅན་གྱི་ཕཊ་ཡིག་ཁ་དོག་གསེར་ལྟ་བུ་མགོ་བོ་ནང་དུ་ལྟ་བ་འོད་ཀྱི་རྣམ་པར་བསྒོམ་མོ། །དེས་ནི་ཕཊ་ངག་ཏུ་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་སེམས་འབེབས་པ་དང་། ཕྱིར་འཕོ་བ་དགག་པ་དང་། དམིགས་པས་ཡུམ་གྱི་པདྨར་འབེབས་པ་དང་བྱ་བ་གསུམ་བྱེད་དོ། །དང་པོ་སྦྱོར་བ་ལས་མི་བྱེད་ན་ཡུམ་གྱི་པདྨའམ་རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕབ་པ་ལས་ལྷ་སྤྲོས་ནས་མཛད་པ་དང་སྦྱར་དགོས་སོ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ་ལུས་ཀྱི་རྩ་ཐམས་ཅད་དང་པདྨའི་ནང་གང་བར་བསྒོམ་པ་ཡིན་ནོ། །ཨོཾ་ཡིག་ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་སུ་འགོད་ལ། ཕཊ་ཡིག་ནི་རྭ་དབུས་མའི་རྩེར་འགོད་པ་ཡིན་ནོ། །ང་རྒྱལ་འཇོག་པའི་གནད་ནི། བདེ་སྟོང་དབྱེར་མེད་ལ་སྔར་ལྟར་ང་རྒྱལ་བཞག་ནས། དེ་ཉིད་ལ་རང་རྡོ་རྗེ་འཆང་དངོས་ཡིན་པ་དང་དཀྱིལ་འཁོར་དེའི་རྣམ་འཕྲུལ་དུ་བལྟས་ཏེ་ཐ་དད་དུ་མི་བཟུང་ངོ་། །གསལ་སྣང་འདོན་པའི་གནད་ནི། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལམ་གྱིས་གསལ་བཏབ་སྟེ། ཤེས་པས་སྤྱི་དེ་ལ་བཟུང་ནས་ཤེས་པ་ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདོན་པ་ཡིན་ནོ། །ཕྲ་མོའི་གནད་ནི་རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉི་གདན་དུ་གྱུར་ཏེ། དེའི་སྟེང་དུ་སྙིང་ཁ་ནས་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ཞིག་ཕྱུང་སྟེ་ཕབ་ནས་བསྒོམ་པ་དང་། མཐར་ཐིག་ལེ་ཡར་དྲངས་ནས་ཉི་གདན་ཕཊ་ཡིག་ཏུ་བསྒྱུར་རོ། །སྟེང་གི་སྣ་རྩེར་ཡང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་དང་། དེ་བརྟན་པ་ན་དེ་ལས་གཅིག་དང་། དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང་། མཐར་ཡང་སྙིང་ཁར་བསྡུའོ། །དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་ཡིན་ནོ། །སྲོག་ལས་ཀྱང་གཅེས་པར་གྱིས་གསུངས་སོ། །ཞར་ལ་རྫོགས་རིམ་གྱི་གནད་ཅུང་ཟད་ཅིག་བརྗོད་ན། བདེ་བ་ཆེན་པོ་ནི་ལམ་འདིའི་གཞི་ཡིན་ལ། དེ་རྫོགས་རིམ་ནས་སྒྲུབ་པ་ཡིན་པས། དེ་སྒྲུབ་པའི་ཐབས་འདིར་ཕྲ་མོ་ལས་མ་བཤད་ཀྱང་། མ་རྒྱུད་ཀྱི་གཏུམ་མོ་ཡང་བསྒོམ་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། །སྲོག་རྩོལ་གསུམ་གྱི་སྐབས་སུ་སེམས་དཔའ་སུམ་བརྩེགས་དགོས་པས་དེ་བྱེད་ཚུལ་ནི། །རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་ཁའི་རྩ་མདུད་ཀྱི་མི་ཤིགས་པའི་ཐིག་ལེ་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་ཕྲ་བ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ཞིག་བསྒོམས་ནས་དེ་ལས་འབྱུང་འཇུག་བྱེད་པའི་རྡོར་བཟླས་དང་། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་བསྒོམ་པ་རྣམས་བྱེད་པ་ཡིན་ནོ། །མཐར་ཡང་རིལ་འཛིན་དང། རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲེལ་ན་ལེགས་སོ། །བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལངས་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལང་དགོས་པ་ཡིན་ནོ། །ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་སྙོམས་པར་ཞུགས་བཞིན་པའི་ཚེ་དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་པས། ཡབ་ཡུམ་གྱི་རླུང་དང་བྱང་སེམས་རིམ་གྱིས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མར་སྣ་ཕྱེ་ནས་བཙན་ཐབས་སུ་རླུང་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། །དེ་ཉིད་སྙིང་ཁར་དམིགས་པ་གཏད་དེ་སྡུད་རིམ་དང་། སྦྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་འགྱུར་བ་ཡིན་ནོ། །གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པའི་མཆོག་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་སྡུད་དཀའ་ཞིང་འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས་རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། །ལུས་དབེན་རྗེས་མཐུན་པ་ཐོབ་ནས་རིལ་འཛིན་དང་རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ན་རླུང་འདུ་སླ་བ་དང་གཉེན་དུ་འགྲོ་བའི་གནད་ཡོད་དོ། །རྡོར་བཟླས་ཀྱི་གནད་ནི། འཁོར་ལོའི་སྡུད་རིམ་བྱས་ཏེ་མི་ཤིགས་པ་ལ་སྡུད། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ། རྩེ་གཅིག་ཏུ་དེ་ཉིད་ལ་སེམས་གཟུང་བཞིན་དུ། ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་དེ་ཐུན་མོང་མིན་པའི་གནད་དོ། །སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱི་སེམས་དབེན་བསྐྱེད་པ་ནི། སེམས་དབེན་གྱི་གདམས་པའོ། །སེམས་དབེན་རྗེས་མཐུན་པ་ཐོབ་ནས་སྒྱུ་མའི་སྐུར་ལྡང་ཚུལ་གྱི་གནད་ཁྱད་པར་བ་ནི། འོད་གསལ་ལས་ལྡང་བ་ན། སྙིང་ཁའི་ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་དེ་ཉིད་ལ་སེམས་ཁྲིག་གེ་གཏད་དེ། ཐིག་ལེ་འོག་མ་གདན་དང་སྟེང་མ་གོས་ཀྱི་རྣམ་པར་བྱས་ནས་ལུས་འདིའི་ཕྱི་རོལ་ཏུ་འཕེན་པའི་དབང་གིས་སྐད་ཅིག་ཙམ་གྱིས་འགྲུབ་པ་ཡིན་ནོ། །སླར་ཡང་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་ཏེ། གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ། །འདི་ལྟར་འཇུག་པའང་བར་དོའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ནི་པ་མའི་ཁུ་ཁྲག་དང་། གཉིད་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པར་བསྐྱེད་ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མ་ཡིན་ནོ། །དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི་སྐུ་མདོག་དཀར་པོར་ཡོད་པ་ཡིན་ཏེ། སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དེ་ཁ་དོག་དཀར་པོ་ཡོད་པས་ཡིན་ནོ། །དོན་གྱི་འོད་གསལ་ཐོག་མར་སྔོན་དུ་བྱེད་པའི་མཚམས་ནི། སྐུ་གསུང་ཐུགས་ཀྱི་སེམས་དཔའ་སུམ་བརྩེགས་བྱས་པའི་མ་དག་པའི་སྒྱུ་ལུས་དེ་དག་ནས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ཡང་འོད་གསལ་དུ་དག་པ་ན་ཐོབ་པ་ཡིན་ནོ། །འཕོ་བ་ནི་གཙོ་བོར་མ་རྒྱུད་དག་ནས་འབྱུང་ཡང་བརྒྱུད་ལ་ཡང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས། དེའི་དམིགས་པའི་གནད་ནི། །སྔགས་འཁོར་སོགས་རྒྱས་བསྡུས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་སྦྱོང་བ་ན། སྙིང་ཁའི་ཡེ་ཤེས་རྣམས་གྱེན་དུ་བསྒྱུར་བ་དང་། སྙིང་ཁའི་རྩ་འཁོར་ཡང་ཐུར་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ཕྱི་ནང་བསྒྱུར་བ་ལྟར་དུ། དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་དེ་རྣམས་དེད་པའི་རྣམ་པར་བསྒོམས། སླར་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་པ་ནི་གནད་དམ་པའོ། །འདི་ལྟར་བྱས་པས་རྩ་རྣམས་མཉེན་དུ་སོང་ནས་སྦྱངས་པ་མཐར་ཕྱིན་པ་ན་དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ་། །སྟོང་ཉིད་བསྒོམ་པའི་གནད་ནི། །བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་བསྐྱེད་དེ། དེ་ནས་རིག་པས་ལེགས་པར་དཔྱད་ནས། ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས། ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས་རྫོགས་རིམ་གྱི་བདེ་བ་མ་མཐའ་གཅིག་རྙེད་པ་ནས། སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོ་བོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདེན་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་བཟློག་པ་ཡིན་ནོ། །དེས་ན་ལམ་འདི་ལ་ནི་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་ནས། འཁོར་བའི་ཕུན་ཚོགས་ཇི་འདྲ་བ་ཞིག་ལ་ཡང་བཙོན་དོང་ལྟར་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང་། དེ་ཡང་རང་ཉིད་གཅིག་པུའི་ཕྱིར་མིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་པ་ལ་སྙིང་ཐག་པ་ནས་མ་བཟོད་པས་དེ་ཉིད་འདོན་པ་ལ་སྐད་ཅིག་ཀྱང་མི་ཡེངས་པར་རིངས་པའི་བློ་བཅོས་མ་མ་ཡིན་པ་ཞིག་དགོས་པ་ཡིན་ནོ། །དེའི་ཕྱིར་ཐོག་མར་གང་ཁས་བླངས་པའི་བསྲུང་སྡོམ་ལ་འབད་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཞིག་བྱ། དེ་ནས་བྱང་ཆུབ་ཀྱི་སེམས་བཅོས་མིན་ཞིག་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྱུར་བས་དེ་ལ་འབད་པར་བྱའོ། །བདག་མེད་ཀྱི་ལྟ་བ་རྣམ་དག་གཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་། སྦྲགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྐམས་ཏེ། རང་གཞན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །འདི་དག་ནི་གནད་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པའི་ཞལ་ཤེས་མེད་དུ་མི་རུང་བའི་སྲོག་དག་ཡིན་ནོ། །རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། གདུལ་བྱའི་བློ་མུན་མ་ལུས་སེལ་མཛད་པ། །ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ། །གང་དེའི་གསུང་གི་བདུད་རྩིས་ལུས་འཚོ་བ། །དད་པའི་དབང་པོའི་སྐལ་བཟང་སྐྱེ་བོའི་ངོར། །ཞལ་ཤེས་གདམས་པ་མ་ནོར་ཚང་བར་བྲིས། །དེས་ནི་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །གཡེལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དབེན་གྱི་སྐབས་སུ་འཛག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ནས། ཧཱུ་ཏཱིའི་དབུས་སུ་དམིགས་པ་སྤོ། དེས་མི་སེལ་ན་གསང་བའི་རྩེར་སྤོ། དེས་ཀྱང་མ་སེལ་ན་ལྟེ་བར་སྤོ་བ་དང་། ལུས་དབེན་གྱི་ཕྲ་ཐིག་བསྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་མོ་སྒོམ་པ་ཡིན་གསུངས་སོ། །ངག་དབེན་གྱི་སྐབས་སུ་རྡོར་བཟླས་ཁྱབ་བྱེད་ཀྱི་རླུང་ལ་ཡང་བྱེད་པས་ཁྱབ་བྱེད་ཀྱི་རླུང་འདུ་བར་བྱེད་པའི་ཆེད་ཡིན་ཞིང་། འདུས་པའི་ལུས་དབེན་དང་ངག་དབེན་གྱི་དོད་མ་རྒྱུད་པའི་གཏུམ་མོའི་རྣལ་འབྱོར་ཡིན། དེ་ལ་ཡང་ཕྱིའི་གཏུམ་མོ་ཤ་ཝགས་ཀྱི་བར་དང་། རོ་མའི་ནང་ནས་ནང་གི་གཏུམ་མོ་རྩ་གཞན་རྣམས་ཀྱི་ནང་ནས་་གསང་བའི་གཏུམ་མོ། །ཧཱུ་ཏཱིའི་ནང་ནས་འབར་བ་བཞིན། དཀར་ཆ་ཡང་ཕྱི་ལྤགས་དང་རྐྱང་མ་ནང་གི་རྩ་གཞན་རྣམས་དང་། གསང་བ་དྷཱུ་ཏཱི་ནང་ནས་འབབ་པ་ཡིན་གསུང་ངོ་། །སེམས་དབེན་གྱི་སྐབས་སུ་སེམས་དབེན་རྗོགས་པར་སྐྱེ་བ་ངེས་པར་སྤྱོད་པ་ལ་ལྟོས་པའི་དགོས་པ་ཁྱབ་བྱེད་ཀྱི་རླུང་སྡུད་པ་ཡིན། །འདུས་པའི་སེམས་དབེན་གྱི་དོད་ལ་མ་རྒྱུད་པ་ལ་དགའ་བཞི་བསྐྱེད་པ་ཡིན་པས། འདི་ལ་ཞལ་ཤེས་མང་པོ་ཡོད་པ་གསུང་ངོ་། །ཕྱིའི་ཕྱག་རྒྱ་ལོ་གྲངས་བཅུ་གཉིས་མ་ལ་བསྔགས་པ། དེས་གཏུམ་མོ་ཕལ་པ་ཡང་མ་ཉམས་པའི་རྒྱུ་མཚན་གྱིས་ཡིན། སྤྱོད་པ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་སྐྱེ། དེས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་སེམས་མ་ལུས་པར་འདུས་པ་ཡིན་གསུང་ངོ་། །དེ་ཡང་ལུས་དབེན་དང་ངག་དབེན་གྱི་སྐབས་སུ་བསྒོམ་སྟོབས་ཀྱིས་སྐྱེ་བས་དེ་ལ་ངེས་པར་ལྟོས་མི་དགོས་ཀྱང་། བརྟེན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང་། དེའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེ་བའི་ཕྱིར་ཡིན་ནོ། །སེམས་དབེན་དང་སྒྱུ་ལུས་སྟོན་པའི་དགོས་པ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་ཕྱིར་ཡིན། དེ་གོང་འོག་ཟུང་དུ་སྟོན་པའི་དགོས་པ་སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ལྡན་དུ་བྱེད་པའི་ཕྱིར་ཡིན། ཡང་ལུས་དབེན་གྱི་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་བརྟེན་ནས་སྟོང་ཉིད་ངེས་ཟིན་བརྟེན་པར་བྱས་ནས་སྦྱོར། རིག་པས་དཔྱད་པ་མི་བྱེད། བྱས་ན་སླར་རྟོག་པའི་སྤྲོ་བསྡུ་ལས་རླུང་ལངས་ནས་གེགས་སུ་འགྲོ་བ་ཡིན་གསུང་། སྒྱུ་ལུས་མཚུངས་ལྡན་ལྔ་དང་ལྡན་པ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་གྱིས་དཔེའི་འོད་གསལ་ལས་རྨི་ལམ་གྱི་ལུས་སུ་ལངས་པ་དང་། དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་གོ་ས་ལོགས་སུ་ཕྱེ་བ་ལྟ་བུ་དང་། དེ་ཟུང་འཇུག་ཏུ་སྟོན་ཟེར། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་། རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་དང་། དེ་ཡང་རླུང་བྱང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་ལོགས་སུ་བྱེ་བ་དང་། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་ཆོས་མཚུངས་པ་ཡིན་གསུང་། བསྲེ་བའི་སྐབས་སུ་གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། རང་སྟོབས་ཆེ་ཞིང་རྨི་ལམ་རྣམས་ཕལ་ཆེར་འཁྲུལ་མེད་འོང་བའི་རྒྱུ་མཚན་སད་དུས་སུ་སྙིང་ཁའི་སྡུད་རིམ་ལ་ལེགས་པར་སྦྱངས་ནས་རླུང་འདུས་པ་དང་། གཉིད་དང་རྨི་ལམ་དུ་སྙིང་ཁར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་འབེབས་པའི་བག་ཆགས་རྣམས་ཀྱང་འདུས་པའི་གནད་ཀྱིས་ཡིན་གསུང་། གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་ཟིན་པས་ཁྱབ། དེ་བཞིན་དུ་གཉིད་ཀྱི་འོད་གསལ་དང་། རྨི་ལམ་འདུན་པས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་འདུན་པས་ཟིན་པས་ཁྱབ་ཅིང་། སྨིག་རྒྱུ་སོགས་ཀྱི་གྲངས་རྣམས་ངེས་པར་འཁྲུལ་མེད་འཆར་ན། རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས། རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་པའི་ཚད་འཛིན་འཁྲུལ་མེད་ཡིན་གསུང་ངོ་། །དེའི་ཐབས་ཀྱང་ཞག་འགའ་གཉིད་བཅག་ནས་ཉིན་བར་སྙིང་ཁའི་སྡུད་རིམ་སྦྱངས། མཚན་མོ་གཉིད་ལོག་ཁར། སྙིང་ཁའི་སྡུད་རིམ་དང་། རྡོར་བཟླས་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱིས་གཉིད་དུ་བཏང་བས་ལན་ཅིག་མི་འཆར་ཡང་། ཐེབས་གཉིས་གསུམ་བྱས་པས་ངེས་པར་རྟགས་འཆར་གསུང་ངོ་། །གཉིད་དང་རྨི་ལམ་ཟིན་དུས་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག །དེ་ལས་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་ལོངས་སྤྱོད་རྫོགས་སྐུར་ལྡང་། དེ་ལས་སད་སར་བརྩམ་པ་ན། སྙིང་ཁའི་སྡུད་རིམ་སོགས་བྱས་ནས་གཉིད་ཀྱི་འོད་གསལ་དུ་སྟོང་པ་ཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུང་ངོ་། །སྤྲུལ་སྐུ་དང་བསྲེ་བའི་གནས་སྐབས་སུ། རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་ལ་མི་དགོས་ཀྱང་། འདུན་པས་བར་དོ་ཟིན་པའི་དུས་སུ་འཕོ་བ་དགོས་པ་ཡིན་གསུང་ངོ་། །དེའི་མན་ངག་ནི་གཞན་རྣམས་མི་དགོས་པར་བར་དོའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་རྣམ་ཤེས་བཞོན་པ་དང་བཅས་པ་དེ་མཁའ་སྤྱོད་དམ་འོག་མིན་སོགས་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཅན་དུ་འཕོ་གསུང་ངོ་། །རྨི་ལམ་རླུང་སྟོབས་དང་འདུན་པ་གང་གིས་ཟིན་ཀྱང་ལོངས་སྐུ་དེ་ལས་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡང་བར་བྱེད་ཅིང་དེ་ལས་ཕྲ་པ་ནི་རྨི་ལམ་གྱི་ལོངས་སྐུ་ལས་རྣམ་སྨིན་གྱི་ལུས་རང་དགའ་བར་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང་། དེ་ལས་ལྡང་བར་རྩོམ་པ་ན། རླུང་སྟོབས་ཀྱིས་ཟིན་ན་རྣམ་སྨིན་གྱི་ལུས་དང་། རྨི་ལམ་གྱི་ལུས་གཉིས་སོ་སོར་སྣང་བས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་སོགས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ཡིན་གསུང་ངོ་། །སྒྱུ་ལུས་ཀྱི་མེད་མི་རུང་ཁྱད་པར་ལྔ་དང་ལྡན་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་ནས་དང་། དེ་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང་། གང་ལས་ལྡང་བའི་ཁྱད་པར་ཐིག་ལེ་དེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་དང་རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང་། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡོད་གསུང་ངོ་། །གང་གིས་ལྡང་བ་རྟེན་གྱི་ཁྱད་པར་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོས་ལྡང་། གང་གི་ཚེ་ལྡང་བའི་དུས་ཀྱི་ཁྱད་པར་ཀུན་རྟོག་གཡོ་བའི་རླུང་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པའི་དཔེའི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག་པའི་མཐར་ལྡང་བར་རྩོམ་པ་ནི། དཔེར་ན་གཞོང་པ་སོགས་ཆུས་བཀང་བ་ན་རླུང་མ་ལངས་པར་མེར་མེར་སྡོད་ལ་རླུང་ཅུང་ཟད་ལངས་པ་དང་མཐའ་མ་ནས་ཟེད་ཟེད་དམ་བན་བུན་བྱུང་ན་ལྡང་བར་རྩོམ་པ་བཞིན། དཔེའི་འོད་གསལ་ལས་ལྡང་བར་རྩོམ་པའོ། །དེས་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ཡང་རིགས་འགྲེ་གསུང་ངོ་། །གང་གི་ངོ་བོར་ལྡང་བ་འདྲས་བུའི་ཁྱད་པར་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་མཚན་དཔེས་བརྒྱན་པ་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ལྡང་བ་ཡིན་ཞེས་རྗེ་ཙོང་ཁ་པ་གསུང་ངོ་། །ཟབ་ཨྠྀ། །ཡང་ལུས་དབེན་གྱི་སྐབས་སུ། ཕྲ་མོ་ལ་དམིགས་པ་ཐུན་འཁྱོངས་པ་བརྟན་པ་བྱུང་ཡང་རླུང་འགག་ཏུ་མ་འདོད་པ་སོགས་བྱུང་བའི་ཞལ་ཤེས་ནི། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ། སོག་སྦུགས་ལྟར་གྱུར་པ་དམིགས་རྟེན་ལ་ཟུག་པའི་ནང་དུ་རླུང་རྣམས་ཐིམ་པར་བསྒོམ། འདིས་གེགས་སེལ་ཞིང་བོགས་འདོན་པ་ཡིན། འདི་དམིགས་པ་གཏོང་པའི་གནང་གཞན་ལ་ཡང་གེགས་བྱུང་ན་དམིགས་པ་འདི་ཀ་བྱེད་གསུང་ངོ་། །ཡས་བབས་མས་བརྟན་གྱི་དགའ་བའི་སྐབས་སུ་མས་བརྟན་གྱི་དགའ་བ་མཚན་ཉིད་པ་རྫོགས་པའི་ཕྱིར་བརྟན་པ་ལ་ནི་རླུང་དེ་ཉིད་སྔོན་དུ་སོང་བས་སྙིང་ཁའི་རྩ་མདུད་སོགས་མ་ལུས་པར་གྲོལ་བའི་མཚམས་ནས། རྣལ་འབྱོར་པས་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུང་ངོ་། །ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ་རྩ་མདུད་མ་གྲོལ་བར་གཏུམ་མོའི་མེའི་ནུས་པས་ཞུ་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན་རྫའི་ཤམ་གས་པའི་ནང་དུ་མར་འཁྱགས་པ་ཡོད་པ་འོག་ནས་མེ་འབར་བས་ཞུ་ནས་འཛག་པ་བཞིན་ནོ་གསུང་ངོ་། །བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཛིན་པའི་ང་དེ་ཐ་སྙད་པའི་ང་ཙམ་དེ་ཡིན་གསུང་། བསྐྱེད་རིམ་པའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ལ་ང་རྒྱལ་འཇོག་པ་ཡིན་གསུང་ངོ་། །གཉིད་འཐུག་གི་སྐབས་སུ་འོད་གསལ་འཆར་བའི་ཐབས་སྙིང་ཁར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་བསྒོམ་པ་ཡིན་གསུངས་སོ། །གཉིད་ཀྱི་བསྲེ་བའི་སྐབས་སུ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང་རྨི་ལམ་གྱི་དུས་དང་། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ལུས་སོགས་ནི་རིམ་བཞིན། གཞི་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་གསུངས། གཉིད་ཀྱི་སྟོང་པ་བཞིའི་འོད་གསལ་གྱི་ངོ་བོར་ཤར་བ་དང་། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང་། དེ་རྣམ་སྨིན་གྱི་ལུས་ལ་བསམ་བཞིན་དུ་གཞུག་པ་རྣམས་ནི། རིམ་པ་བཞིན་དུ་གཉིད་ཀྱི་སྐབས་ཀྱི་ལམ་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་ནོ། །གཉིད་མཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལངས་པའི་རྨི་ལམ་གྱི་ལུས་དེ་རྨི་ལམ་གྱི་སྐབས་ཀྱི་ལོངས་སྐུར་བྱས་པ་འདི་ལ་གཉིས་ཡོད་ཀྱང་རྨི་ལམ་རླུང་སྟོབ

  • 顶