རྗེ་རིན་པོ་ཆེས་འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་ནས་རྗེ་རང་ཉིད་ཀྱིས་ཟིན་བྲིས་སུ་གནང་བ་་བཞུགས་སོ།།

2015-12-07
344

༄༅། །རྗེ་རིན་པོ་ཆེས་འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་ནས་རྗེ་རང་ཉིད་ཀྱིས་ཟིན་བྲིས་སུ་གནང་བ་བཞུགས་སོ། །

༄༅༅། །གྲུབ་ཆེན་སྒེག་རྡོར་གྱིས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་ཀྱི་གཞུང་ནི་གསང་ལྡན་ཡིན་ཀྱང་དེར་མི་གསལ་བ་གསལ་བ་དང་། མངོན་རྟོགས་ལ་ཁ་སྐོང་བ་ནི། ཡོན་ཏན་ཀུན་འབྱུང་ན་ཡོད་པས་དེ་གཉིས་ལེགས་པར་བསྒྲིག་པ་དང་། སྔགས་དོན་གཟིགས་པ་ལས་ཀྱང་འགའ་ཞིག་ཤེས་དགོས་པ་ཡོད་ལ། ཡོན་ཏན་ཀུན་འབྱུང་མ་བསྒྲིགས་པར་གསང་ལྡན་གྱི་དོན་བཤད་པས། དེ་དང་མི་མཐུན་པ་མང་བར་སྣང་བས་འདི་བཤད་པར་བྱའོ། །གསང་ལྡན་ལས། སྲུང་འཁོར་གྱི་སྐབས་སུ་བདག་དང་གནས་བསྲུང་བ་དང་ར་བ་དང་དྲ་བ་དང་། ཕྱོགས་དང་སྟེང་བཅིང་བ་སོགས་བྱ་བར་བཤད་ཀྱང་། རང་ལྷ་འདིར་བསྐྱེད་དང་ར་བ་སོགས་འདིས་བྱེད་མ་གསུངས་པ་ལ། ཁ་ཅིག་རང་མེ་ལྟར་འབར་བར་བསྐྱེད་ཅིང་གནས་བསྲུང་བའི་ར་བ་སོགས་རྡོ་རྗེ་འབྱུང་བ་ལྟར་བྱེད་མོད་ཀྱང་། ཡོན་ཏན་ཀུན་འབྱུང་ནས་དག་པ་གསུམ་གྱི་སྔགས་ཁྲུས་བྱས་ནས་གཤིན་རྗེ་གཤེད་དུ་བསྐྱེད་པ་དང་། དེའི་ཐུགས་ཀའི་ཧཱུཾ་ལས་སྤྲོས་པའི་འོད་ཀྱི་ར་བ་སོགས་བྱེད་པར་སློབ་དཔོན་ཉིད་ཀྱིས་བཤད་པས་དེ་བཞིན་དུ་བྱའོ། །ཚོགས་ཞིང་གི་སྐབས་སུ་མེ་ལྟར་འབར་བ་དང་། དང་པོའི་སངས་རྒྱས་ཞལ་ལྔ་ཕྱག་བརྒྱད་པར་སྔ་མ་རྣམས་འདོད་ཀྱང་། ཡོན་ཏན་ཀུན་འབྱུང་ལས་འཇམ་དཔལ་ཞི་བ་སེར་པོ་ཕྱག་གཉིས་པར་བསྐྱེད་ནས་ལྕེ་ལག་སོགས་བྱིན་གྱིས་བརླབ་པར་བཤད་པ་བཞིན་དུ་བྱའོ། །འདི་ནི་ཕྲིན་ལས་ཀྱི་འཇམ་དཔལ་དང་། དང་པོའི་སངས་རྒྱས་ཀྱི་ངོ་བོར་ཀུན་འབྱུང་ནས་བཤད་དོ། །འདི་ལ་ཕྱག་མཚན་གསལ་བར་མ་བཤད་ཀྱང་འགྲེལ་པ་དང་གསང་ལྡན་ལས་རིན་པོ་ཆེའི་རིགས་ཀྱི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་དང་གཡོན་རིན་པོ་ཆེ་འཛིན་པར་བཤད་པ་བཞིན་བྱའོ། །དེ་ཉིད་བསྡུས་པར་རིན་པོ་ཆེའི་རིགས་མ་གཏོགས་པ་རིགས་ཟུར་དུ་མ་བཤད་པའི་དགོངས་པ་གང་ལས་རིགས་དང་དེ་གཉིས་བྱེད་པ་པོ་དང་བྱ་བ་ཡིན་པས་དེ་གཉིས་གཅིག་ཏུ་བསྡུས་ནས་བཤད་པས་ཕྲིན་ལས་ཀྱི་འཇམ་དཔལ་དུ་མི་འགལ་ལོ། །ལྕེ་ལག་བྱིན་རློབ་ཀུན་སྙིང་གིས་བསྲུང་འཁོར་གྱི་སྔོན་དུ་བཤད་པ་དང་མ་མཐུན་ཀྱང་དེ་འདྲ་མང་བས་གོ་རིམ་བསྒྱུར་མི་དགོས་སོ། །ཚོགས་ཞིང་སྤྲུལ་པའི་ཕྱག་རྒྱ་འཆིང་བའི་སྔོན་དུ་སོར་མོ་རྣམས་ལ་ཡི་གེ་ལྔ་བཀོད་པ་ཡོན་ཏན་ཀུན་འབྱུང་ནས་མ་བྱུང་ཡང་གསང་ལྡན་ན་གསལ་བས། དེའང་དགོས་སོ། །ཚོགས་ཞིང་ལ་ཡན་ལག་བཅུ་བྱེད་པ་ལ་གསང་ལྡན་ནས་དངོས་སུ་མཆོད་པ་དང་། ཡི་རང་དང་། བཤགས་པ་དང་། གསོལ་གདབ་དང་། ཕྱག་འཚལ་དང་། ལྷག་མ་སོགས་ཀྱིས་བསྡུས་པ་མི་འདྲ་བ་འགའ་ཡེ་ཡོད་ཀྱང་། ཡོན་ཏན་ཀུན་འབྱུང་ནས་བསྐུལ་བ་དང་། བདག་འབུལ་དང་སྐྱབས་འགྲོ་དང་སེམས་བསྐྱེད་པ་དང་སྡོམ་པ་བཟུང་བ་ལྔ་བཤད་པ་ལྟར་བྱའོ། །དེ་ནས་ཚིགས་སུ་བཅད་པའི་གླུས་བསྟོད་ཅེས་པ་འདུད་ཉི་ཤུ་ལ་འདོད་པ་ཡོད་ཀྱང་ཡོན་ཏན་ཀུན་འབྱུང་ནས། བདེ་བ་ལས་འཁྲུངས་ཞེས་པའི་ཚིགས་བཅད་ཕྱེད་དང་གཉིས་གསུངས་པ་ལ་བྱའོ། །དྲིས་ལན་དུ་བྱང་ཆུབ་སེམས་དཔའ་ནི་ཞེས་སོགས་ཀྱི་བསྟོད་པ་ནི་ཡོན་ཏན་ཀུན་འབྱུང་ལས་མཚན་བརྒྱ་རྩའི་བསྟོད་པར་བཤད་དོ། །དེ་ནས་ཕྱག་ལྔ་བྱས་པའི་འོག་ཏུ་སེམས་བསྐྱེད་དང་སྡོམ་པ་བཟུང་བ་གསང་ལྡན་ནས་བཤད་པ་བཞིན་དུ་ཡོན་ཏན་ཀུན་འབྱུང་ལས་ཀྱང་བཤད་པས་འདིར་ཡང་དེ་གཉིས་བྱའོ། །དེ་ནས་ཡེ་ཤེས་ལྔའི་མངོན་བྱང་ལྔ་སྒོམ་པ་དང་། རྟེན་བསྐྱེད་པ་དང་། རྣམ་སྣང་དང་། དང་པོའི་སངས་རྒྱས་དང་ཡེ་ཤེས་སེམས་དཔའ་སྒོམ་པ་སོགས་ཡོན་ཏན་ཀུན་འབྱུང་ལས་མིང་ཙམ་ཞིག་ལས་མ་བཤད་དེ། གསང་ལྡན་དང་འགྲེལ་པ་བཞིན་བྱེའོ། །འོ་ན་དང་པོ་སྦྱོར་བའི་གཙོ་བོ་འདི་ལ་རིགས་སོ་སོ་བ་དྲུག་དང་རིགས་བསྡུས་གཅིག་སྟེ། བདུན་བཤད་པ་འདི། འཁོར་གྱི་དཀྱིལ་འཁོར་ཇི་འདྲ་བ་རེའི་དབང་དུ་བྱས་པ་ཡིན་ཞེ་ན། འདི་ལ་རིགས་བསྡུས་ཀྱི་རྣམ་སྣང་དང་། རིགས་སོ་སོ་བའི་རྣམ་སྣང་དང་། བྱང་སེམས་རྡོ་རྗེས་གཙོ་བོ་བྱེད་ན་ཡེ་ཤེས་སེམས་དཔའ་གསུམ་མི་འདྲའང་འཁོར་གྱི་ལྷ་མི་བསྐྱོད་པ་ནས་སྒྲིབ་པ་རྣམ་སེལ་གྱི་བར་རྣམས་འདྲའོ། །མི་བསྐྱོད་པས་གཙོ་བོ་བྱེད་ན་དེའི་གནས་སུ་རྣམ་སྣང་འགྲོ །སྒོ་ཉིས་སྦྲགས་ལ་ཤར་དུ་མི་བསྐྱོད་པ་ནས་སྒྲིབ་སེལ་གྱི་བར་གྱི་ལྷ་འགོད་པ་འདི་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་་དེའང་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་དུ་འགྲེལ་པར་གསུངས་ཀྱང་། འདི་རྣམས་གཙོ་བོ་གཞིན་གྱི་དཀྱིལ་འཁོར་དུ་འགྱུར་བ་ནི་མི་འགོག་གོ །དེས་ན་གཙོ་བོ་གཞན་བཞི་གང་རུང་དབུས་སུ་སོང་བ་ན་འཁོར་གྱི་དེ་བཞིན་གཤེགས་པའི་གནས་ལ་ཁྱད་པར་བྱུང་ཡང་ལྷ་གཞན་རྣམས་ལ་འཕོ་འཇུག་མེད་དོ། །དེ་ལྟར་གསང་ལྡན་གྱི་བསྙེན་པའི་སྐབས་དང་དཀྱིལ་འཁོར་འདྲི་བའི་སྐབས་གཉིས་ཀ་ལ་སྤྱིར་གཙོ་བོ་བདུན་ཡོད་ཀྱང་། ད་ལྟ་ཕྱག་ལེན་ལ་མཛད་པ་ནི་རིགས་བསྡུས་ཀྱི་རྣམ་སྣང་ཉིད་ལ་གཙོ་བོར་བྱེད་ལ་དཀྱིལ་འཁོར་ནི་ཉིས་སྦྲགས་ཁོ་ནའོ། །ཡོན་ཏན་ཀུན་འབྱུང་ལྟར་ན་རིགས་བསྡུས་ལ་དཀྱིལ་འཁོར་སྒོ་གསུམ་སྦྲགས་ཀྱི་གཙོ་བོ་གངས་ཆེན་མཚོར་བཤད་དེ། འགྲེལ་པ་དང་གསང་ལྡན་དང་འདྲ་བར་མངོན་ནོ། །དཀྱིལ་འཁོར་གསུམ་པ་ལ་ལྷ་སྣ་མ་ལྔར་བྱས་པ་ལ་ལྷ་རིགས་གཞན་ལྔའི་ཡེ་ཤེས་སེམས་དཔའ་ཤ་སྟག་ཚན་པ་ལྔར་བྱས་ནས་འགོད་པར་བཤད་དེ། འདི་ལ་རིགས་རེ་རེ་ལ་ལྷ་གྲངས་གསལ་བར་མ་བཤད་པ་ལ། བླ་མ་སྔ་མ་རྣམས་ལྷ་ང་གསུམ་རེ་ཡིན་ཟེར། མཁས་པ་ཁ་ཅིག་རིགས་སོ་སོ་ལ་ལྔའི་མཚན་གྱི་གྲངས་ཀྱིས་ལྔར་བཞེད་དོ། །དེ་ལ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་ང་བདུན་ཡོད་ཅིང་། མཚན་གྱ་དྲུག་ཏུ་འགྲེལ་པར་བཤད་པ་མཚན་གྱིས་གྲངས་ཀྱི་ལྷ་འགོད་པ་མིན་ནོ། །ཁོར་ཡུག་ལ་འགོད་པ་ཡིན་པས་ཡང་ན་ལྷ་ང་དྲུག །ཡང་ན་ང་གཉིས་བྱ་དགོས་པར་མངོན་ནོ། །རིགས་སོ་སོ་ལ་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ནི། སྒོ་ཉིས་སྔགས་དང་གཞན་ལྔ་སྒོ་རྐྱང་དང་། དེ་རྣམས་ཀྱི་ཐིག་ཡོན་ཏན་ཀུན་འབྱུང་ལས་བཤད་པ་ལ་དཔགས་ན་བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ལྷ་རིགས་བསྡུས་དང་འདྲ། རིགས་གཞན་ལྔའི་འཁོར་ལ་བསྐལ་བཟང་བཅུ་དྲུག་མི་འགོད་པ་འདྲ་བ་ཞིག་འདུག་སྟེ་བརྟག་པར་བྱའོ། །སྔ་མ་རྣམས་རིགས་སོ་སོ་ལ་བརྟེན་ནས་མཚན་དུ་མ་བུར་འདོན་ན་གཞལ་ཡས་ཁང་སྒོ་རྐྱང་གི་རིགས་ལྔའི་གདན་གྱི་སྟེང་དུ་ཚན་པ་ལྔ་བཅད་ནས་འགོད། རིགས་བསྡུས་དང་རིགས་སོ་སོ་ལ་བརྟེན་ནས་མཚན་རྫོགས་པར་འདོན་ན། རྡོར་དབྱིངས་ཀྱི་དཀྱིལ་འཁོར་གཉིས་པོའི་ཕྱི་རུ་གཞལ་ཡས་ཁང་མེད་པར་ཁོར་ཡུག་ལྔ་ལ་ཚན་པར་འགོད་པར་འདོད་དོ། །ཡོན་ཏན་ཀུན་འབྱུང་ལྟར་ན། ཡེ་ཤེས་སེམས་དཔའ་རིགས་ལྔ་ཁོར་ཡུག་ལ་འགོད་ན་གཙོ་བོ་རིགས་བསྡུས་ཉིད་ཀྱིས་བྱེད་པ་གསལ་ཏེ། གཙོ་བོ་རྣམ་སྣང་ཞལ་བཞི་པར་གསུངས་པ་ལ་ཞལ་གྱི་མདོག་མི་གསལ་ཡང་། འགྲེལ་པར་ཞལ་བཞི་སངས་རྒྱས་བཞིའི་གདན་གྱིས་སྦྱོར་བས་གནས་པར་གསུངས་པས་བྱེ་མ་ལུང་པ་བཞེད་པ་ལྟར་ཕྱོགས་མདོག་ཏུ་བྱ་ལ། ཕྱག་བརྒྱད་པ་དང་། ཕྱག་གཉིས་པ་གཉིས་སུ་བྱེད་པ་ལ་ཕྱི་མ་ལེགས་པར་མངོན་ནོ། །རིགས་བསྡུས་ཀྱི་གཙོ་བོ་རྣམ་སྣང་ཞལ་བཞི་པ་དང་། རིགས་སོ་སོ་བའི་རྣམ་སྣང་ཞལ་གཅིག་ཕྱག་གཉིས་པར་བྱེད་པ་ལེགས་ལ། རིགས་གཞན་གཙོ་བོར་སོང་བའི་ཤུལ་དུ་རྣམ་སྣང་འཕོས་པའང་ཞལ་གཅིག་པར་བྱའོ། །རིགས་གཞན་བཞི་འཁོར་དུ་ཡོད་པ་ལ་དཔགས་ན་ཆིག་རྐྱང་དང་། གཙོ་བོ་བྱེད་པ་ན་སུམ་རྩེགས་སུ་བྱ། ཞལ་ཕྱག་ལ་ཁྱད་མེད་དོ། །སྒེག་རྡོར་གྱི་ལུགས་ལ་རིགས་ལྔའི་ཕྱག་མཚན་གྱི་བཤད་པ་མི་གསལ་བས་ཕྱག་མཚན་མི་འཛིན་པར་སྔ་མ་རྣམས་བྱེད་ཀྱང་། གསང་ལྡན་ལས་འཁོར་གྱི་ལྷ་ཐམས་ཅད་ཆོ་ག་གསུམ་ལས་བསྐྱེད་པར་བཤད་པས་རིགས་བཞི་ལ་རྡོ་རྗེ་སོགས་ཀྱི་ཕྱག་མཚན་འཐད་ལ། རྣམ་སྣང་ལ་ལུགས་གཞན་ནས་འབྱུང་བ་ལྟར་རྡོ་རྗེའམ་ཡང་ན་རྣམ་སྣང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་འཁོར་ལོ་འཛིན་པར་བཤད་པའི་རིགས་པ་སྦྱར་རོ། །དེ་ལྟར་ན་གཙོ་བོ་རྣམ་སྣང་ཡང་ཆོ་ག་གསུམ་ལས་བསྐྱེད་པའི་ལུགས་ལྟར་བྱའོ། །འཁོར་ལོ་ནང་མ་རྩིབས་བརྒྱད་པ་ནི་གསང་ལྡན་དང་། འགྲེལ་པ་ནས་བཤད་ལ་དཀྱིལ་ཆོག་ནས་རྩིབས་བཞི་པར་བཤད་པའི་ཚུལ་སོ་སོ་བའོ། །དེའང་སྒོ་སུམ་སྦྲགས་ཀྱི། རིགས་བསྡུས་ཀྱི་ཁྱད་ཆོས་སོ། །དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཕྲེང་སྔགས་བརྗོད་ནས་ལྷ་རྣམས་གསལ་བར་སྒོམ་པར་གསུངས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་སྤྲོ་བའི་དུས་ཡིན་ལ། ཆོ་ག་གསུམ་ལས་སྐུ་རྫོགས་པར་བཤད་པ་ནི། རང་རང་གི་གདན་གྱི་སྟེང་དུ་བསྐྱེད་པའི་སྐབས་སོ། །དཀྱིལ་ཆོག་ལས་རང་རང་གི་གདན་གྱི་སྟེང་དུ་མཚན་གྱི་སྔགས་དང་། ཡི་གེ་ལས་བསྐྱེད་ཅེས་པའི་ཕྱི་མ་ནི་ཨ་ལ་སོགས་པའོ། །དང་པོ་ནི་དཀྱིལ་འཁོར་གསུམ་པའི་ཁྱམས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་རིགས་སོ་སོའི་མཚན་སྔགས་ལས་བསྐྱེད་པ་ཡིན་གྱི་འཕྲེང་སྔགས་ལས་བསྐྱེད་པ་མིན་ཏེ། །དེའང་སྒོ་སུམ་སྦྲགས་ཀྱི་རིགས་བསྡུས་ཀྱི་བསྙེན་པ་དང་། དཀྱིལ་འཁོར་སྒྲུབ་པའི་སྐབས་ཡིན་ནོ། །རྡོར་སེམས་ལ་སོགས་པའི་ཁ་དོག་དཀྱིལ་ཆོག་དང་གསང་ལྡན་གཉིས་མི་མཐུན་པ་ནི། སྒོ་ཉིས་སྦྲགས་དང་སུམ་སྦྲགས་ཀྱི་རིགས་བསྡུས་དང་། བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱད་དོ། །ལས་རྒྱལ་མཆོག་གི་ལྷ་སོ་སོ་ལས་རང་འདྲ་སྤྲོས་ནས་རང་རང་གི་མཛད་པ་མཛད། སླར་བསྡུས་པ་ལ་བྱེད་པ་གསང་ལྡན་གྱི་དགོངས་པ་ཡིན་ཏེ། ནམ་མཁའ་དྲི་མེད་ཆུང་བ་དང་ཡང་མཐུན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་སོགས་དང་། རྒྱས་བཏབ་དང་དབང་བསྐུར་བ་ནས་ཕྱག་གི་བར་དང་། དེ་ནས་ཏིང་ངེ་འཛིན་གཉིས་ལ་གནས་པ་དང་། སྐྱོ་ན་བཟླས་པ་བྱ་བ་དང་། དེའི་མཐར་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ནི་དཀྱིལ་ཆོག་ནས་ཤེས་དགོས་སོ། །བཟླས་པའི་སྔགས་ཕྲེང་སྔགས་ཡིན་པར་གསང་ལྡན་ལས་བཤད་དེ། མཐར་བསྡུས་ཏེ་དེ་ལ་གནས་པ་ལ་རིམ་པའི་ཏིང་ངེ་འཛིན་ཟེར་ལ། དེ་ནི་གསང་ལྡན་ནས་མདོར་བསྡུས་ཤིག་བཤད་ལ། དོན་ནི་གོང་མ་རྣམས་གསུང་བ་ལྟར་བྱའོ། །བསྙེན་པ་གསུམ་གསུངས་པའི་དང་པོ་ནི། ནམ་མཁའ་དྲི་མེད་ལྟར་ཡིན་ལ། ཕྱི་མ་གཉིས་མི་གསལ་བས་གཞན་དང་བསྟུན་ནོ། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་བ་ཆེན་པོས་འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་ནས་མཛད་པའི་ཟིན་བྲིས་རྗེ་རང་ཉིད་ཀྱིས་ཕྱག་བྲིས་མཛད་པའི་སྟེང་ནས་བྲིས་སོ། །སརྦ་མདྒ་ལཾ། །

  • 顶