༄༅། །དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་བསྡུས་པ་བཞུགས་སོ། །
༄༅༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣམ་བཅས་རྣམ་མེད་ཕྱག་རྒྱས་འཁྱུད་པ་ཡི། །སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན། །གཉིས་མེད་དུས་ཀྱི་འཁོར་ལོའི་ངོ་བོར་གྱུར། །རྗེ་བཙུན་བླ་མ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དུ་བགྲོད་པའི་ལམ་གྱི་མཆོག །རྣལ་འབྱོར་ཡན་ལག་དྲུག་ཅེས་ཆེར་གྲགས་པ། །ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བའི་གནས། །བླ་མའི་གསུང་བཞིན་བརྗེད་བྱང་མདོ་ཙམ་བྲི། དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་ལ་སློབ་པའི་གང་ཟག་གིས། ཐོག་མར་མཐུན་མོང་བ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པས་རྒྱུད་སྦྱོང་བ་སྔོན་དུ་བཏང་བར་བྱ་སྟེ། དེ་ཡང་སློབ་དཔོན་འཕགས་པ་ལྷས་སྤྱོད་བསྡུས་སུ། དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །དེ་ལ་ལོབས་པ་ན་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་གསུངས་པའི་རིམ་གཉིས་ལ་སློབ་པའི་སྔོན་དུ་མ་བུ་གཅིག་པ་ལ་བརྩེ་བ་ཇི་ཙམ་པ་ཡོད་པ་དེ་ལྟར་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྡུག་བསྔལ་གཏན་བྱང་བར་འདོད་པའི་རྣམ་པ་ཅན་གྱི་བློ་ངམ་ངམ་ཤུགས་ཀྱིས་འཇུག་པར་འགྱུར་བ་དེའི་ཚད་ཙམ་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་རིམ་རྣམས་ལ་གོམས་པར་བྱས་ནས་དེའི་རྗེས་སུ་སྔགས་ལ་འཇུག་པར་བྱའོ། །དེ་དང་མཐུན་པར་འདིར་ཡང་འགྲེལ་ཆེན་དྲི་མེད་འོད་ལས། དེ་ལྟར་དང་པོར་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ཤེས་ནས། དེ་ནས་རང་གི་ལུས་ལ་ཁྱབ་བདག་མཆོག་གི་གོ་འཕང་མ་ནིང་ནི་སྔགས་པས་བསྒོམ་པར་བྱ་སྟེ། ཞེས་གསུངས་ལ། བསྡུ་བར་བྱ་བའི་ཆོས་ནི། ཐེག་པ་གསུམ་དང་། དཀོན་མཆོག་གསུམ་དང་། ཕར་ཕྱིན་བཅུ་དང་། བསྡུ་བ་བཞི་དང་། གསུང་རབ་ཡན་ལག་དགུ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་རྣམས་ལ་གསུངས་སོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་དེའི་འོག་ཏུ་ཐུན་མོང་མ་ཡིན་པ་ལམ་རིམ་པ་གཉིས་སྒོམ་པའི་སྔོན་རོལ་ཏུ། རྒྱུད་སྣོད་དུ་རུང་བར་བྱེད་པའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཇི་ལྟར་ཐོབ་པར་བྱེད་པའི་ཚུལ་དང་། རྒྱུད་སྨིན་པར་བྱེད་པ་བསྐྱེད་པའི་རིམ་པ་བསྒོམ་པར་བྱེད་པའི་ཚུལ་དང་། གྲོལ་བར་བྱེད་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་དང་། དོན་གསུམ་གྱིས་རིག་པར་བྱའོ། །དང་པོ་ལ་བྱིས་པ་འཇུག་པའི་དབང་བདུན་དང་། དབང་གོང་མ་ལ་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་དང་། དབང་གོང་མའི་གོང་མ་ལ་ཡང་དེ་གསུམ་དུ་ཕྱེ་བ་རིགས་མཚུངས་པས། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་དུ་བསྡུས་ནས་འཇིག་རྟེན་པའི་དབང་བཅུ་དང་། དབང་གོང་མ་ལ་ཕྱེ་བའི་བཞི་པ་ནི། དྲང་དོན་གྱི་དབང་བཞི་པ་ཡིན་གྱི། དབང་བཞི་པ་མཐར་ཐུག་མ་ཡིན་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཁོངས་སུ་འདུས་པ་དང་། དབང་བསྐུར་བའི་ཚེ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་དང་། ཐུགས་ཀྱི་དཀྱིལ་འཁོར་ཙམ་ལ་བརྟེན་པ་གཉིས་ལ་དཀྱིལ་འཁོར་རྫོགས་མ་རྫོགས་ཀྱི་ཁྱད་པར་མེད་པ་དང་། བྱིས་པ་འཇུག་པའི་དབང་བདུན་ཐོག་མར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ངེས་པར་ལྟོས་པ་སོགས་གཞན་དུ་རྒྱས་པར་འཆད་འདོད་པས་འདིར་དེ་ཙམ་ལས་མ་སྤྲོས་སོ། །དབང་གོང་མའི་གོང་མ་ལ་ཕྱེ་བའི་དབང་བཞི་པ་ནི། ངེས་དོན་གྱི་དབང་བཞི་པ་དང་། འཇིག་རྟེན་པའི་དབང་བཅུ་ལ་ལྟོས་པའི་དབང་བཅུ་གཅིག་པ་དེའི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་རང་གི་མཚན་ཏེ་དེ་ཡིས་འཁྱུད། ཅེས་གསུངས་པས་རྣམ་བཅས་ཀྱི་ཤེས་རབ་མ་རྣམ་པར་མ་བརྟགས་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་གྱི་རྣམ་པར་ཤར་བས་རྣལ་འབྱོར་པ་རྣམ་པར་མ་བརྟགས་པའི་སྟོང་གཟུགས་དཔལ་དུས་ཀྱི་འཁོར་ལོའི་རྣམ་པར་ཤར་བ་ལ་འཁྱུད་པ་དང་། རྣམ་མེད་ཀྱི་ཤེས་རབ་མ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཡུལ་སྤྲོས་བྲལ་སྟོང་པ་ཉིད་ཀྱིས། ཐབས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་འཁྱུད་པ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། ཅེས་སོགས་ཀྱིས་བསྟན་པ་ལྟར་ཡན་ལག་བདུན་དང་ལྡན་པའི་ཟུང་འཇུག་གི་སྐུ་ནི། མཐར་ཐུག་པའི་དབང་བཞི་པ་ཡིན་ལ། རྗེས་དྲན་གྱི་སྐབས་སུ་ཐོབ་པའི་མ་བརྟགས་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་། དེ་འདྲའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་དྲངས་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་གི་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ནི་ལམ་དུས་ཀྱི་དབང་བཞི་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད། རྒྱུད་ཀྱི་མཐར་ཐུག་ཏུ་འདོད་པ་རྣམས་ཀྱིས་ཀྱང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཙམ་ལ་དབང་བཞི་པར་བྱེད་ཅིང་། དེ་འདྲེན་པའི་རྒྱུ་རྣམ་པར་མ་བརྟགས་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་རྗེས་དྲན་གྱི་ཡན་ལག་ཡན་ཆད་དུ་ཐོབ་པ་ལ་དབང་བཞི་པར་མི་བཞེད་པ་ནི་ཕྱོགས་ཙམ་མཐོང་བས་ཞུགས་པ་ཡིན་གྱི་རྒྱུད་ཀྱི་དགོངས་པ་རྫོགས་པར་མ་རྟོགས་པའོ། །དེ་ལེགས་པར་ངོས་མ་ཟིན་ན་རྒྱུད་ལས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་གསུམ་པ་དང་དཔེ་དོན་དུ་སྦྱར་ནས་བསྟན་པར་བྱ་བར་རྒྱུད་གཞན་དུ་སྦས་ནས་གསལ་བར་མ་བསྟན་པ་འདིར་གསལ་བར་གསུངས་པའི་དོན་ཁོང་དུ་ཆུད་པར་ནུས་པ་མ་ཡིན་ནོ། །ངེས་དོན་གྱི་དབང་བཞི་པ་དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་ཚིག་གི་བརྡ་སྤྲད་ནས་གོ་བར་བྱེད་པ་ནི་རྒྱུད་སྣོད་རུང་གི་དབང་བཞི་པ་བསྐུར་བའི་ཚུལ་ལོ། །འདི་ཡང་ཕྱོགས་ཙམ་བརྗོད་པ་སྟེ་གཞན་དུ་རྒྱས་པར་བཤད་པར་བྱའོ།།གཉིས་པ་ལ་མདོར་བསྡུས་དང་པོ་ལས། གཟུགས་ལ་སོགས་པ་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པ་ནི། གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་སོགས་ཀྱི་དགོངས་པ་མ་རྟོགས་པར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་བསྐྱེད་པའི་རིམ་པ་ནི་རྟོག་པས་བཏགས་པའི་སྒོམ་ཡིན་པས་འཇིག་རྟེན་པའི་དངོས་གྲུབ་ཙམ་ཞིག་གི་རྒྱུ་ཡིན་གྱི་མཆོག་གི་དངོས་གྲུབ་ཀྱི་རྒྱུར་མི་འགྱུར་བར་འདོད་པ་ནི། །རྒྱུད་ཀྱི་ལེའུ་ལྔའི་གོ་རིམས་ངེས་པའི་རྒྱུ་མཚན་དང་འགལ་བ་དང་། དགོས་སོགས་ཆོས་བཞིའི་རྣམ་གཞག་དང་འགལ་བ་དང་། དབང་བདུན་གྱི་འབྲས་བུ་འགྲུབ་ཚུལ་དང་འགལ་བ་དང་། འཚང་རྒྱ་བའི་རྒྱུར་ཚོགས་གསུམ་ག་ལ་བསླབས་དགོས་པར་གསུངས་པ་དང་འགལ་བ་སོགས་ཉེས་པ་མཐའ་ཡས་པས་བསྐྱེད་རིམ་ངེས་པར་སྔོན་དུ་བསྒོམ་དགོས་པའི་རྒྱུ་མཚན་དང་། སྦྱང་གཞི་ངོས་བཟུང་ནས་དེ་སྦྱོང་བ་ལ་བསྐྱེད་རིམ་ཇི་ཙམ་ཞིག་བསྒོམ་དགོས་པ་དང་། བསྐྱེད་རིམ་ཚུལ་ཇི་ལྟར་སྒོམ་པའི་ཚུལ་ལ་སོགས་པ་ནི་གཞན་དུ་རྒྱས་པར་འཆད་འདོད་པས་འདིར་དེ་ཙམ་ལས་མ་སྤྲོས་ལ། གཞི་ཡིན་ལུགས་ཀྱི་སྟོང་པ་ཉིད་ཀྱི་དོན་རྒྱུད་ཀྱི་དགོངས་པ་བཞིན་མ་རྟོགས་ན་བསྐྱེད་རིམ་གྱི་སྐབས་སུ་རྣམ་པར་ཐར་པའི་སྒོའི་སྔགས་དོན་སེམས་པ་དང་། བདེ་སྟོང་སྦྱོར་བའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡུལ་ཕྱིན་ཅི་མ་ལོག་པ་ངོས་མི་ཟིན་པས་དེའི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དབང་མདོར་བསྟན་དུ། རང་བཞིན་མེད་པའི་ཆོས་རྣམས་ཀྱི། །སྐྱེ་འཇིག་སྒྱུ་མ་ཇི་བཞིན་ནོ། །ཞེས་པ་དང་། སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་པོ་དངོས་མེད་མཚན་ཉིད་གཅིག །ཅེས་སོགས་ཀྱི་བསྟན་པའི་སྣ་ཚོགས་པ་འདི་ནི་རང་བཞིན་གྱི་གྲུབ་བ་རྡུལ་ཙམ་ཡང་མེད་པ་དང་། རང་རང་གི་བྱ་བ་བྱེད་ནུས་པའི་སྒྱུ་མ་ལྟ་བུའི་སྐྱེ་འགག་བྱེད་ཚུལ་སོགས་ཡོད་མེད་ཀྱི་མཐའ་དང་། རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཚུལ་གསལ་བར་འགྲེལ་ཆེན་དྲི་མེད་འོད་ཀྱི་མདོར་བསྡུས་ལྔ་པར། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་ཞེས་པ་ནས། རྩ་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། རྡོ་རྗེའི་རྣམ་པར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། ཞེས་དྲངས་པའི་བར་གྱིས་བསྟན་ཏེ། དེ་ལ་གསུངས་ཞེས་དྲང་ངོ་། །གང་གི་ཕྱིར་ཏུ་ན། རྣལ་འབྱོར་པ་རྣམས་ཀྱིས་ཡོད་མེད་ལ་སོགས་མཐར་ལྷུང་གི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུའོ། །གང་ལས་ན། རྩ་བའི་རྒྱུད་ལས། ཞེས་སོ། །གང་གིས་ན། བཅོམ་ལྡན་འདས་ཀྱིས་སོ། །ཇི་ལྟར་ན། ཡོད་མེད་ཀྱི་མཐའ་ལས་འདས་པ་དང་། དངོས་པོ་དངོས་མེད་ཀྱི་མཐའ་ཟད་པ་དང་། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་དང་། སྟོང་པའི་ཆོས་རྣམ་པར་སྤངས་པ་དང་། རྟག་ཆད་ཀྱི་མཐའ་ལས་རྣམ་པར་གྲོལ་བའི་ཚུལ་གྱིས་གསུངས་སོ། །སྟོང་ཉིད་ཅེས་པའི་རྐང་པ་གཉིས་ནི་མཐའ་བྲལ་དུ་གཏན་ལ་དབབ་པར་བྱ་བའི་ཁྱད་གཞི་བསྟན་ཏེ། བདེ་སྟོང་རྣམ་པ་གཉིས་སོ། །རྩ་རྒྱུད་ཀྱི་དོན་དེ་ཉིད་བཤད་པ་ནི། རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། ཞེས་སོགས་ཏེ། རིགས་མེད་པ་ནི་མཐར་ལྷུང་གི་ཕྱོགས་སུ་ཆད་པ་མེད་པའོ། །རྟག་པ་དང་། ཞེས་པ་ནས་བློ་ཡོངས་སུ་སྤངས་པ་ཞེས་པའི་བར་དང་། ཡིད་ཆེས་པའི་དོན་ཅན། ཞེས་སོགས་ཚིག་དྲུག་གིས་ཁྱད་པར་གྱི་ཆེས་བསྟན་ལ། གཞོན་ནུ་མ། ཞེས་པ་ནས། མངོན་སུམ་དུ་མཐོང་བ། ཞེས་པའི་བར་གྱིས་ཁྱད་གཞི་སྟོང་གཟུགས་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པས་ཁྱད་གཞི་བདེ་བ་ཆེན་པོ་བསྟན་ཏོ། །ཁྱད་ཆོས་སྔ་མ་གསུམ་འཆད་པར་འགྱུར་ལ། ཕྱི་མ་དྲུག་ལ། སྟོང་གཟུགས་ཀྱི་ཁྱད་ཆོས་བཞི་དང་། གཉི་གའི་ཁྱད་ཆོས་གཉིས་སོ། །དང་པོ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ན། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་སོགས་གསུངས་པ་ལྟར་སློབ་དཔོན་མཚན་ཉིད་དང་ལྡན་པས་སློབ་མ་སྣོད་རུང་ལ། སོར་སྡུད་ཀྱི་རྣལ་འབྱོར་བསྟན་ནས་བསྒོམས་པས་ཉི་མ་གཅིག་ལ་སྟོང་གཟུགས་མངོན་སུམ་དུ་མཐོང་བར་འགྱུར་བས་ཡིད་ཆེས་པའི་དོན་ཅན་དང་། སྲིད་པ་དང་མི་སྲིད་པའི་རྣམ་པ་ཀུན་འཆར་བས་རྣམ་པ་ཐམས་ཅད་པ་དང་། མདུན་གྱི་ནམ་མཁའ་སྟོང་པའི་ཕྱོགས་སུ་སྣང་བས་ནམ་མཁའ་ལས་བྱུང་བ་དང་། གཟུགས་སྒྲ་སོགས་དབང་པོ་ཐམས་ཅད་ཀྱི་ཡུལ་གྱི་སྟོང་གཟུགས་སྣང་བས་དབང་པོ་ཐམས་ཅད་པ་ཞེས་སོ། །གཉིས་ཀའི་ཁྱད་པར་ནི། འདོད་པའི་དོན་ཕྱོགས་རེ་ཙམ་མིན་པར་ཡོངས་སུ་རྫོགས་པར་སྟེར་བས་ཀུན་ནས་སམ་ཀུན་ཏུ་བཟང་པོའོ། །གཙུབ་སྟན་དང་གཙུབ་ཤིང་རྣམས་ལ་མེ་གནས་པ་ལྟར་གཟུགས་དང་ལྷན་ཅིག་སྐྱེས་པའི་བདེ་བ་རྩོལ་བ་བྱས་ན་ཀུན་ལ་འབྱུང་རུང་དུ་གནས་པས་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པའོ། །དངོས་པོ་དང་དངོས་པོ་མེད་པ་གཅིག་པ་འདི་ཉིད་འཇིག་རྟེན་པའི་གཏན་ཚིགས་དང་དཔེ་སྤངས་འདིའི་དཔེར་འགྱུར་ཏེ། ཞེས་སོགས་ཏེ། དེ་ལ་འཇིག་རྟེན་པ་ནི་ལྟ་བ་གཏན་ལ་མ་ཕེབས་པའི་གནས་སྐབས་དང་། འཇིག་རྟེན་ལས་འདས་པ་ནི་ལྟ་བ་གཏན་ལ་ཕེབས་པའི་གནས་སྐབས་སོ། །དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཞེས་པ་ནི། དངོས་པོ་རང་རང་གི་བྱ་བ་བྱེད་ནུས་སུ་ཡོད་པ་དང་། དངོས་པོ་མེད་པ་ནི་རང་བཞིན་གྱིས་གྲུབ་པའི་དངོས་པོ་མེད་པ་སྟེ། དེ་གཉིས་གཞི་མཐུན་དུ་འཇིག་རྟེན་ལས་འདས་པ་ལ་རུང་གི །འཇིག་རྟེན་པ་ལ་མི་རུང་བས་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །བུམ་པ་ལྟར་ཡོད་པ་དང་། ནམ་མཁའི་མེ་ཏོག་ལྟར་རང་བཞིན་གྱིས་མེད་པ་གཉིས་འཇིག་རྟེན་པའི་ཀུན་རྫོབ་ཏུ་གཞི་གཉིས་སུ་འདུར་མི་རུང་སྟེ། ཕན་ཚུན་འགལ་བའི་ཕྱིར། འཇིག་རྟེན་ལས་འདས་པ་ལ་དེ་གཉིས་གཞི་གཅིག་པ་ཉིད་དུ་འགྱུར་ཏེ། ཕན་ཚུན་ཆོས་མི་མཐུན་པ་མི་འགལ་བའི་ཕྱིར། དཔེ་གཉིས་ཀྱི་སྔ་མས་ཡོད་མེད་ཀྱི་མཐའ་སྤྱིར་འགོག་ལ། ཕྱི་མས་དངོས་པོ་དངོས་མེད་ཀྱི་མཐའ་བྱེ་བྲག་ཏུ་འགོག་གོ །འཇིག་རྟེན་པའི་ཀུན་རྫོབ་ཏུ་འགལ་བའི་རྒྱུ་མཚན་རྒྱས་པར་སྟོན་པ་ནི། གང་གིས་ཞེས་སོགས་སོ། །རྒྱུ་མཚན་གང་གིས་བུམ་པ་བཞིན་བྱ་བ་བྱེད་ནུས་སུ་གང་ཡོད་པར་ཁས་བླངས་པ་ན། དེ་ནི་རང་བཞིན་གྱིས་མེད་པར་འགྱུར་ཞིང་། གང་རང་བཞིན་གྱིས་མེད་པར་ཁས་བླངས་པ་ན་བྱ་བ་བྱེད་ནུས་སུ་ཡོད་པར་མི་འགྱུར་ཏེ། བྱ་བ་བྱེད་ནུས་ཀྱི་དངོས་པོ་དང་། རང་བཞིན་གྱི་དངོས་པོ་མེད་པའི་རང་བཞིན་གཉིས་གཅིག་ཏུ་འདུར་མ་རུང་བའི་རྒྱུ་མཚན་ལས་སོ། །དེ་ཉིད་བཤད་པ་ནི། བྱ་བ་བྱེད་ནུས་གང་གིས་ཡོད་པའི་སེམས་སུ་འགྱུར་བ་དེས་རང་བཞིན་གྱིས་མེད་པར་མི་འགྱུར་བ་དང་། རྒྱུ་མཚན་རང་བཞིན་གང་གིས་བདེན་པར་མེད་པའི་སེམས་སུ་འགྱུར་བ་དེས་བྱ་བ་བྱེད་ནུས་སུ་ཡོད་པར་མི་འགྱུར་བར་འགལ་བ་འབའ་ཞིག་ཏུ་མཐོང་ངོ་། །བདེ་བ་དང་སྟོང་གཟུགས་ཡོད་མེད་ཀྱི་མཐའ་བྲལ་བའི་རྒྱུ་མཚན་འདིར་ཡང་ཞེས་སོགས་ཏེ། སྙིང་རྗེའི་བདག་ཉིད་ཀྱི་སྟོང་གཟུགས་སེམས་ལ་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུའི་སྟོང་གཟུགས་སུ་སྣང་བ་འདི་རང་བཞིན་གྱིས་གྲུབ་པའི་མཚན་ཉིད་དུ་མེད་དེ། རྡུལ་ཕྲ་རབ་ཚོགས་པར་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། སྟོང་གཟུགས་རྡུལ་ཕྲ་རབ་ཚོགས་པར་སྣང་ལ་དེ་རང་བཞིན་གྱིས་གྲུབ་ན་གང་དུ་སྣང་བ་དེར་ཡོད་དགོས་པའི་ཕྱིར་རོ། །མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་རང་བཞིན་གྱིས་གྲུབ་ན་བྱད་བཞིན་དུ་གྲུབ་དགོས་པ་བཞིན་ནོ། །དེས་ན་བུམ་པར་མ་གྲུབ་སྟེ། སྣམ་བུར་མ་གྲུབ་པའི་ཕྱིར། ཅེས་བ་ལྟ་བུའི་འབྲེལ་མེད་དུ་དོགས་པར་མི་བྱའོ། །དེས་རྟག་མཐའ་དང་ཡོད་མཐའ་སྤངས་ནས། ཆད་མཐའ་སྤངས་པ་ནི། སྟོང་གཟུགས་སྣང་བ་འདི་མེད་པ་མ་ཡིན་ཏེ། ནམ་མཁའ་སྟོང་པ་ལ་སྙོན་མི་ནུས་པར་མངོན་སུམ་དུ་ཡོད་པའི་ཕྱིར། དེ་ལྟར་སྔ་མས་ཡོད་མཐའ་སྤངས་པ་དེའི་ཕྱིར་ཀུན་རྫོབ་འདི་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་གཟུགས་ཅན་ཏེ། ངོ་བོ་ཅན་དུ་གྲུབ་ལ། ཕྱི་མས་མེད་མཐའ་སྤངས་པ་དེའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀུན་རྫོབ་པའི་ངོ་བོ་སྣ་ཚོགས་པ་འདིར་ཤར་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་པའི་དཔེ་ལས་འདས་པའི་ཕྱིར། སེམས་གང་བྱ་བ་བྱེད་ནུས་སུ་ཡོད་པའི་སེམས་དེ་ལ་སེམས་ངོ་བོ་ཉིད་ཀྱིས་མ་མཆིས་པས་སེམས་མེད་པ་ཞེས་བྱའོ། །དེ་ལྟར་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་། སྙིང་རྗེ་འགྱུར་མེད་ཀྱི་བདེ་བ་གཉིས་རྟག་ཆད་ཀྱི་མཐའ་དང་བྲལ་བས་ངོ་བོ་དབྱེར་མེད་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིག་པས་དཔྱད་པའི་ཚེ་རང་བཞིན་གྱི་སྟོང་པར་གྲུབ་པས་དོན་དམ་པའི་བདེན་པ་ཞེས་སོ། །སྟོང་གཟུགས་དང་བདེ་བ་གཉིས་ཀའི་སེམས་དག་བུམ་པ་ལྟར་ཡོད་པའི་ཕྱིར་དང་། ནམ་མཁའི་མེ་ཏོག་ལྟར་རང་བཞིན་གྱིས་གྲུབ་པ་གཏན་མེད་ཡིན་པའི་ཕྱིར་ཡོད་མེད་ལས་འདས་པ་དང་། དངོས་པོ་དང་དངོས་མེད་ཟད་པ་ཞེས་སོ། །མདོར་ན་བདེ་སྟོང་གཉིས་བྱ་བ་བྱེད་ནུས་སུ་ཁས་བླངས་པ་ན། རང་བཞིན་གྱིས་གྲུབ་སྙམ་པའི་རྟག་པའི་མཐའ་ལྷུང་དགག་པའི་ཕྱིར་ཏུ་རང་བཞིན་གྱིས་སྟོང་པ་བསྟན་ལ། དེ་ལྟར་བསྟན་པ་ན་ཡང་བྱ་བ་བྱེད་ནུས་ཙམ་དུ་ཡང་མ་གྲུབ་པོ་སྙམ་དུ་དོགས་པ་དགག་པའི་ཕྱིར་ཏུ་ཆད་པའི་མཐའ་སྤོང་བ་ཡིན་ལ། བྱ་བ་བྱེད་ནུས་སུ་ཡོད་པ་དང་། རང་བཞིན་གྱིས་སྟོང་པ་གཞི་གཅིག་ཏུ་འདུ་བས་དབང་མདོར་བསྟན་དུ། དངོས་པོ་དངོས་མེད་མཚན་ཉིད་གཅིག །ཅེས་གསུངས་སོ། །འདིར་གསུངས་པ་རྣམས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པས་བཀྲལ་བ་དོན་གཅིག་ཏུ་ཡོད་ལ། ལུགས་འདིས་བཀྲལ་བ་ལྟར་དངོས་པོ་བདེན་འཛིན་ཉོན་སྒྲིབ་ཏུ་བྱེད་པའི་ལུགས་མ་རྟོགས་ན། རྒྱུད་ཀྱི་མགོར། ཉིན་མོར་བྱེད་པའི་སྐུ། གསུངས་པའི་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་མཐའ་ཆོད་པར་རྟོགས་མི་ནུས་ལ། དེ་མ་རྟོགས་པས་སྔོན་དུ་དུས་འཁོར་བ་ཁ་ཅིག་ལ། རང་གཞན་གྱི་ལྟ་བ་རིག་པས་རྣམ་པར་དཔྱད་པའི་སྐབས་སུ་སེམས་ཙམ་པའི་འདོད་པ་འགོག་པ་ལ་སྐྱོན་ཆེན་པོ་བསྐྱེད་སྣང་ངོ་། །གསུམ་པ་ལ་གསུམ། མདོར་བསྟན་པ་དང་། དེ་དག་གི་དོན་སོ་སོར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ནི། རྗེ་ཉིད་ཀྱི་གསུངས་ནས། སོ་སོར་སྡུད་དང་བསམ་གཏན་ཡན་ལག་གིས། །ཨ་ཝ་དྷཱུ་ཏཱིའི་ཡར་སྣར་སྲོག་སྡུད་ཤེས། །སྒྲ་གཅན་ལམ་ནས་རླུང་ལྔ་མི་ཕྱེད་པས། །ལྷུན་གྱིས་གྲུབ་པའི་ཟབ་མོ་རྡོར་བཟླས་ཤེས། །བུམ་པ་ཅན་གྱིས་སྲག་དང་ཐུར་སེལ་གཉིས། །དབུ་མའི་ནང་དུ་ཁ་སྦྱོར་བྱེད་ཚུལ་ཤེས། །རྗེས་དྲན་སྟོང་གཟུགས་ཕྱག་རྒྱའི་ཆུ་སྐྱེས་ཀྱིས། །མི་འགྱུར་བདེ་བ་ཆེན་པོ་འདྲེན་ཚུལ་ཤེས། །དེ་ཕྱིར་ལུགས་འདི་དུས་འཁོར་ཚུལ་སྨྲ་བ། །ལུགས་གཞན་དག་ལས་ཁྱད་པར་འཕགས་པ་སྟེ། །དེ་ལྟར་མི་ཤེས་དུས་འཁོར་ཚུལ་སྨྲ་བ། །དེ་དག་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། ཞེས་གསུངས་སོ། །གཉིས་པ་ནི། དེ་ལ་སྤྱིར་གཉིས་སུ་མེད་པའི་རྒྱུད་རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ལུགས་ཀྱིས། རྫོགས་རིམ་གྱི་ལམ་གྱི་གཙོ་བོ་མང་དུ་ཡོད་ཀྱང་། གཉིས་ཀ་ནས་གསལ་བར་སྟོན་པ་ནི། བདེ་སྟོང་སྦྱར་ཏེ་བསྒོམ་པའོ། །དེའི་སྟོང་པ་ནི་སྔར་བཤད་པ་ལྟར་རང་གི་ངོ་བོས་གྲུབ་པས་སྟོང་བ་དེ་ཡིན་ལ། དེའི་བདེ་བ་ནི། སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ། གསུམ་བྱས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྟེ། དེ་གཉིས་ཡུལ་དང་ཡུལ་ཅན་སྦྱོར་བའོ། །བདེ་བ་ཆེན་པོ་འདྲེན་པའི་ཐབས་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱེད་པའི་རྐྱེན་ལ། ནང་གི་རྐྱེན་ནི་རྡོར་བཟླས་དང་བུམ་པ་ཅན་ལྟ་བུའི་རླུང་སྦྱོང་བྱེད་པ་དང་། རྩ་དབུ་མའི་གནད་ཆེ་སར་ཐིག་ལེ་སོགས་ལ་དམིགས་པ་གཏད་ནས་བསྒོམ་པ་དུ་མ་ཡོད་ཀྱང་འདིར་ནི་སྔ་མ་གཉིས་སོ། །ཕྱག་རྒྱའི་རྐྱེན་ནི་ལས་ཀྱི་ཕྱག་རྒྱ་རིགས་བཞི་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུལ་ལ་སོགས་པ་རྟོག་པས་བཏགས་ཏེ་བསྒོམས་པས་གསལ་སྣང་ཐོན་པའི་ལྷ་མོ་དུ་མ་ཡོད་ཀྱང་འདིར་ནི་སྣ་ཚོགས་ཡུམ་ལ་གསལ་སྣང་ལེགས་པར་ཐོན་པ་དང་། རྣམ་པར་མ་བརྟགས་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོའོ། །འདི་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་གཞན་ལས་ལྷན་ཅིག་སྐྱེས་པའི་བདེ་ཆེན་འདྲེན་ནུས་ན་དེ་ཉིད་དང་སྟོང་པ་ཉིད་ཀྱི་ལྟ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱར་ནས་བསྒོམ་པ་དང་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་བསྒོམ་པ་ཉིད་ཀྱི་ཆོག་གི །དེ་དང་ལྷན་ཅིག་སྐྱེས་པའི་བདེ་ཆེན་འདྲེན་པའི་ཐབས་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་མ་གཏོགས་པའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་ཆེན་འདྲེན་པའི་ཐབས་འདིར་གསུངས་པ་ལྟར་གསལ་བར་མ་བཤད་དོ། །དཔལ་དུས་ཀྱི་འཁོར་ལོ་འདིར་ནི་ཐབས་སྔར་བཤད་པ་དེ་དག་མིན་ལ་ཕྱག་རྒྱའི་སྒོ་ནས་བདེ་ཆེན་འདྲེན་ཐབས་ཞིག་ཡོད་པ་དེ། རྒྱུད་གཞན་དུ་སྦས་ནས་གསལ་བར་མ་གསུངས་ཏེ། དེ་ཡང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསལ་བར་མ་བསྟན་པ་འདི་ཡིན་ནོ། །དེ་འདྲ་ཞིག་ཡིན་སྙམ་ན། དབང་གསུམ་པ་དངོས་དབང་དུ་བསྐུར་བའི་དུས་སུ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་པ་དེ་དཔེར་བྱེད་དོ། །དབང་བཞི་པ་བསྐུར་བའི་དུས་སུ་ཚིག་གིས་བརྡ་སྤྲོད་པའི་ཚུལ་ནི། དབང་གསུམ་པའི་སྐབས་སུ་སློབ་མ་རང་ཉིད་ཀྱི་ལུས་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་ཡིད་ངོར་ཤར་བ་དང་། སེམས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྗེས་མཐུན་པ་མངོན་དུ་བྱས་པ་གཉིས་རྟེན་དང་བརྟེན་པའི་རྣམ་པར་དུས་གཅིག་ཏུ་ཟུང་ངུ་ཆུད་པ་གཅིག་ཡོད་པ་དཔེ་བཞིན་དུ་དེ་ཉིད་གོམས་པར་བྱས་པ་ལས། ལུས་རྣམ་པར་མ་བརྟགས་པའི་སྟོང་གཟུགས་མཐར་ཐུག་པར་གྱུར་པ་དང་། སེམས་མཆོག་ཏུ་མི་འགྱུར་བའི་བདེ་བའི་དངོས་པོར་སྐྱེས་པ་མཐར་ཐུག་པ་ནི་མཐར་ཐུག་གི་དབང་བཞི་པ་ཡིན་ལ། སློབ་མ་ལམ་གྱི་གནས་སྐབས་སུ་དེ་གཉིས་ཚོགས་པ་ནི་ལམ་དུས་ཀྱི་དབང་བཞི་བ་ཡིན་ནོ། །ཞེས་ངོ་སྤྲོད་པར་བྱེད་པས། ལས་རྒྱ་དཔེ་བྱས་ནས་མཚོན་པར་བྱེད་པའི་དོན་ནི། སྟོང་གཟགས་ཀྱི་ཕྱག་རྒྱ་ཆེན་མོའོ། །ལས་རྒྱ་ལས་བདེ་བ་བསྐྱེད་པ་བཞིན་དུ། སྟོང་གཟུགས་ལས་མི་འགྱུར་བའི་བདེ་བ་བསྐྱེད་པའོ། །ཚུལ་དེ་རྒྱུད་གཞན་རྣམས་ཀྱི་དོན་དུ་ཡོད་ཀྱང་གསལ་བར་མི་སྟོན་ལ། དཔལ་དུས་ཀྱི་འཁོར་ལོ་ལས་གསལ་བར་སྟོན་པར་བཞེད་དོ། །དེ་འདྲ་བའི་ཕྱག་རྒྱ་ཆེན་པོས་དྲངས་པའི་དགའ་བ་གསུམ་གྱི་མཐར་སྐྱེས་པའི་ལྷན་ཅིག་སྐྱེས་དགའ་དེ་ཏིང་ངེ་འཛིན་གྱི་ཡན་ལག་གི་འགྱུར་མེད་ཀྱི་བདེ་བར་འཇོག་གི །འོ་ན་རྣལ་འབྱོར་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་འདྲེན་པའི་ཐབས་ཡན་ལག་ལྔ་པ་རྗེས་དྲན་གྱི་ཡན་ལག་སྟོང་གཟུགས་ཀྱི་ཕྱག་རྒྱ་ཇི་ལྟར་བྱས་པས་འགྲུབ་ཅེ་ན། དེ་ལ་ནི་སྔོན་དུ་གཟུགས་བརྙན་གྲུབ་པ་གཅིག་དང་། སྲོག་གྲུབ་པ་གཅིག་དགོས་པས་ཡན་ལག་ཕྱི་མ་དེ་གཉིས་བསྒྲུབ་པར་བྱེད་པ་ལ་ཡན་ལག་དང་བོ་བཞི་གསུངས་སོ། །དེ་ལ་གཟུགས་གྲུབ་པ་དགོས་པ་ནི་ཐོག་མར་རྩ་དབུ་མའི་ལམ་སྦྱོང་བར་བྱེད་པ་ཡན་ལག་དང་པོ་སོ་སོར་སྡུད་པའི་རྣལ་འབྱོར་ཏེ། དེ་མཚན་མོའི་རྣལ་འབྱོར་དང་ཉིན་མོའི་རྣལ་འབྱོར་གཉིས་ཀྱིས་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་བལྟབས་ཤེས་པ་མིག་མི་འཛུམ་པར་སྟེང་དུ་བལྟ་བས་མཚན་མར་འགྱུར་ཏེ། ཞེས་སྟེང་དུ་བལྟ་བ་ཙམ་ལས་གཞན་གསལ་བར་མ་གསུངས་སོ། །སྦས་པ་མིག་འབྱེད་ལས། གཙུག་ཏོར་དུ་བལྟ་བར་བཤད་ཀྱི་དོན་མིན་ནོ། །རྣལ་འབྱོར་གསུམ་སྙིང་ལས། བྱེད་པ་ལྔ་ལ་བཅིང་པ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། ཞེས་གསུངས་པའི་བྱེད་པ་ལྔ་ནི་དབང་པོ་ལྔའོ། །བཅིང་པ་གཉིས་ནི་དབང་པོའི་རླུང་ཕྱི་རོལ་ཏུ་འགྲོ་བ་སྟོད་སྨད་གཉིས་ནས་འཆིང་བའོ། །དེ་ཡང་གང་དུ་སྒོམ་པའི་གནས་ལ་སོགས་པ་དོན་དྲུག་གིས་འཆད་ཀྱང་། གཙོ་བོ་ལུས་ཀྱི་འདུག་སྟངས་དང་། སེམས་ཀྱི་འཇོག་ཚུལ་གསུམ་གལ་ཆེ་བ་ཡིན་ཡང་། ད་ལྟར་གྱི་སོར་སྡུད་བསྒོམ་པར་འདོད་པ་ཕལ་ཆེར་གྱི་སྐབས་འདིར་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་གཏོད་པ་ཇི་ལྟ་བ་བཞིན་མི་རྟོགས་པར་སྣང་བས་དེ་བཤད་པར་བྱ་སྟེ། སོར་སྡུད་དང་བསམ་གཏན་གྱི་སྐབས་ཀྱི་ཉིན་མཚན་གྱི་རྟགས་བཅུ་ནི། སྲོག་དབུ་མར་ཞུགས་པའི་སེམས་ཀྱི་སྣང་བ་ཡིན་ལ། དམིགས་པ་འདིས་སྲོག་དབུ་མར་སྡུད་པ་ནི་དུ་མ་ཞིག་བཤད་ཅིང་། དེ་ལ་ལུས་ཀྱི་དབུ་མའི་གནས་གཅིག་ཏུ་སེམས་གཏོད་པ་མེད་ན་མི་འབྱུང་བས་དེ་ནི་སྨིན་མ་གཉིས་ཀྱི་དབུས་དྲང་པོ་ན་ཨ་ཝ་དྷཱུ་ཏཱིའི་ཡར་སྣ་ཡོད་པས་དེར་གཏོད་པ་ཡིན་ཏེ། རྩ་བའི་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། བཀོད་པ་དེ་ཡི་ཕྱོགས་སུ་སྣ། །མཚན་མའི་མཐར་ནི་དེ་ཁ་གང་། །དེ་ལ་སྣ་ཚོགས་རྒྱུད་མི་རྒྱུ། །མ་ལུས་བསྒོམ་པར་བྱ་དེ་ལ། ཞེས་གསུངས་པ་ལས་ཤེས་ཏེ། ནམ་མཁའ་སྟོང་པ་ནི། མིག་གཏོད་པ་དང་ཐོག་མར་སྟོང་གཟུགས་འཆར་རོ། །སྟོང་གཟུགས་ནི་གཟུགས་བརྙན་དང་སྒྲུ་བརྙན་ལ་སོགས་པ་སྣོད་བཅུད་ཐམས་ཅད་ཀྱི་སྟོང་གཟུགས་པྲ་ཕབས་པ་ལྟ་བུར་འཆར་ལ། དེ་ཡང་རྣལ་འབྱོར་པ་དེའི་ཡིད་ཀྱི་ཤེས་པ་ལ་ཐོག་མར་དབང་པོ་ཀུན་གྱིས་བྱ་བ་བྱེད་ནུས་པ་ལྟར་སྣང་བ་དང་། ཕྱིས་དབང་པོ་ཀུན་གྱིས་བྱ་བ་བྱེད་ནུས་པར་འཆར་གྱི། རྣལ་འབྱོར་པ་དེའི་དབང་ཤེས་ལ་སྣང་བ་ནི་མིན་ནོ། །མཚན་བཅུའི་མཐར་རེ་ཁ་ནག་པོ་མཐོང་བ་ནི། མིའི་སྣ་ཨ་ཝ་དྷཱུ་ཏཱིའི་མཐོང་བ་དང་། དེ་ཡང་སོར་སྡུད་ཀྱི་སྐབས་སུ་ཡིད་གཏོད་པར་གསུངས་པའི་ཕྱིར་དང་། དྷཱུ་ཏཱིར་ཡིད་གཏོད་པ་ཡང་དེ་ལས་གནས་གཞན་དུ་མིན་པའི་ཕྱིར་རོ། །དྲི་མེད་འོད་དུ་ཡང་། དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོང་བས་མཐོང་བར་འགྱུར། ཞེས་གསུངས་པའི་དེ་གཉིས་གཅིག་སྦྱོང་བ་ནི་རྩ་དབུ་མའོ། །རི་གི་ཨ་ར་ལི་ལས། མིག་ཕྱེད་གྱེན་དུ་ལྡོག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། ཞེས་ཤིན་ཏུ་གསལ་བར་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་། དབུ་མར་རེངས་པའི་ལྟ་སྟངས་ཉིད། ཅེས་བཤད་པས། སོར་བསམ་གྱི་ཏིང་ངེ་འཛིན་ནི་བསྒོམ་པར་འདོད་པ་རྣམས་ཀྱི་དམིགས་པ་གཏོད་པའི་གནད་ཁོང་དུ་མ་ཆུད་ན། འབད་པ་འབྲས་བུ་མེད་པར་ཤེས་པར་བྱའོ། །རྩ་རྒྱུད་ལས་ཀྱང་། དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་པ་ཡང་དབུ་མའི་ནང་དུ་མཐོང་བའོ། །སོར་སྡུད་ཀྱི་སྐབས་སུ་འདི་རྣམས་ལ་བདག་ལ་བྱིན་གྱིས་བརླབས་པ་དང་། ཀུན་རྫོབ་བདེན་པ་ཞེས་གསུངས་པ་དང་། བདག་ལ་བྱིན་གྱིས་བརླབས་པ་ནི། གང་ལ་ང་རྒྱལ་འཇག་པའི་གཞིའི་གཙོ་བོ་ནི་རྗེས་དྲན་ཡན་ཆད་ཀྱི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ལ། གཟུགས་ཀྱི་སྐུ་དེ་སྒྲུབ་པའི་གཞི་འདི་ཉིད་ཡིན་པས་བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་བདེན་པ་ཞེས་པ་ཡང་བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་ཡིན་མོད་ཀྱི། འདིར་དེ་ལྟར་བཤད་པ་ནི། དོན་དམ་པ་འོད་གསལ་མཆོག་ཏུ་མི་འགྱུར་བའི་བདེ་བ་དེའི་རྟེན། ཆོས་ཅན་ཁྱད་པར་བ་ལྷའི་སྐུ་དེ་ཉིད་སྒྲུབ་པའི་གཞི་ཡིན་པའི་ངོས་ནས་བཞག་པའོ། །སྐབས་འདིར་ཡང་། དབུ་མའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་མཐོང་གི་བར་དུ་བསྒྲུབ་པར་བྱེད་དོ། །སོར་སྡུད་ཀྱི་སྐབས་འདིར། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ན། གཞི་ལུས་ཀྱི་དབང་ཤེས་ཡུལ་ཡུལ་ཅན་གྱི་བྱེད་པ་སྐབས་འགར་མཉམ་པའི་ཚུལ་དུ་འབྱུང་ཡང་། ཐུན་ལེགས་པར་འཁྱོངས་པའི་བརྟན་པ་ཐོབ་པར་མི་འབྱུང་ལ། ད་ལྟའི་རྟགས་བཅུ་མི་བརྟན་འང་ད་གཟོད་ཀྱི་གཟུགས་དེ་མི་བརྟན་པས། དེ་བརྟན་པ་བསྒྲུབ་པ་ལ་བསམ་གཏན་གྱི་ཡན་ལག་དགོས་ཏེ། དེ་ལུས་ཀྱི་འདུག་སྟངས་དང་། མིག་གི་ལྟ་སྟངས་དང་། དམིགས་པའི་གཏོད་ས་སོགས་སོར་སྡུད་དང་མཐུན་པར་བྱས་པས་ཆོག་གི །དེ་ལས་སྤོགས་ཆོག་གཞན་མི་དགོས་ཏེ། བསམ་གཏན་གྱི་ཡན་ལག་ལྔ་ཀ་ཡང་སོར་སྡུད་གོམས་པའི་མྱོང་བ་བསྐྱེད་རིམ་དུ་སྣང་བའི་ཕྱིར་རོ། །སོར་སྡུད་ཀྱི་སྐབས་སུ་མུན་པ་ཤིན་ཏུ་གནག་པ་དང་། ཕྱེ་མིག་ལྟ་སྟངས་གྱེན་དུ་ཕྱོགས་པ་ཅུང་ཟད་ཀྱང་མི་འགུལ་བ་དང་། སེམས་སྨིན་མཚམས་སུ་གཏོད་པ་གསུམ་དངོས་གཞི་ཡིན་ལ་དེ་སྐྱོང་བ་ལ་བྱིང་རྒོད་གཅོད་ཚུལ་མཁས་པ་གཅིག་དགོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རིམ་པ་ནས་འབྱུང་བ་དང་འདྲ་གསུང་ངོ་། །སོར་སྡུད་ཀྱི་སྐབས་སུ་རྟགས་རྫོགས་པ་རྣམས་ཁྲིགས་ཆགས་སུ་ངས་པར་འཆར་བ་དང་། དབང་ཤེས་ཡུལ་ཡུལ་ཅན་གྱི་གཟུང་འཛིན་གྱི་འབྲེལ་པ་ལྡོག་ཐུན་ཅུང་ཟད་རེ་མ་ཡིན་པར་ལེགས་པར་འཁྱོངས་ཤིང་། བརྟན་པ་ལེགས་པོར་ཐོབ་པ་ན་བསམ་གཏན་གྱི་ཡན་ལག་རྫོགས་པ་ཡིན་པས། དེ་ནས་སྲོག་རྩོལ་སྒོམ་རན་པའི་རྟགས་སུ་ཤེས་པར་བྱས་ནས་སྲོག་རྩོལ་བསྒོམ་པ་ལ་འཇུག་པ་ཡིན་གྱི། ཚེ་རིལ་པོ་སོར་བསམ་གྱི་སྐབས་ཀྱི་རྟགས་དེ་ཉིད་ལ་ཞེན་པ་དང་། དེ་ཉིད་ཐོབ་བྱའི་འབྲས་བུ་མཐར་ཐུག་ཏུ་འདོད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་སྐུར་པ་འདེབས་འདོད་པ་མིན་ན། དེ་ནས་གསུངས་པའི་རྣལ་འབྱོར་ཡན་ལག་དྲུག་གི་ལམ་གྱི་རིམ་པ་ལ་རྣམ་གཞག་ཅུང་ཟད་ཀྱང་མ་ཆགས་པར་ཐག་ཆོད་པར་ཤེས་པར་བྱའོ། །དེས་ན་གཟུགས་བསྒྲུབ་པ་ལ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་གཉིས་གསུངས་སོ། །སྲོག་བསྒྲུབ་པ་ལ་ཡན་ལག་བར་པ་གཉིས་གསུངས་ཏེ། དེ་ཡང་འདི་སྐོར་ནས་སྲོག་རྩོལ་ལ་རྡོ་རྗེའི་བཟླས་པ་དང་བུམ་པ་ཅན་གཉིས་གསུངས་ལ། དེ་གཉིས་ཀྱི་སྔར་སོར་བསམ་གྱིས་དབུ་མའི་ལམ་ལེགས་པར་སྦྱངས་པ་རླུང་དེ་ཉིད་སེམས་ཀྱི་རྗེས་སུ་བྱེད་པར་བསྒྲུབ་པ་ཡིན་ལ། འཛིན་པས་ནི་སེམས་རྗེས་སུ་བྱེད་པ་དེ་བརྟན་པར་བྱེད་པ་ཡིན་ནོ། །དེའི་ཚད་ནི་མ་བརྟགས་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་འཕེན་པ་བཏང་པ་ཙམ་གྱི་རྗེས་སུ་བྱེད་མི་བྱེད་ལ་བལྟས་པའོ། །དེས་ན་སྲོག་བསྒྲུབ་པ་ལ་སྲོག་རྩོལ་དང་། འཛིན་པ་གཉིས་གསུངས་སོ། །དེ་ལ་སྲོག་རྗེས་དྲན་ནི་སྲོག་དབུ་མའི་ནང་དུ་ཞུགས་བཞིན་པའི་དུས་ཀྱི་རླུང་དེ་དང་ངོ་བོ་གཅིག་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ཉིད་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་ཤར་བ་ཐོག་མར་ཐོབ་པ་ནས་ཡིན་ལ། དེ་གཉིས་སྙོམས་པར་ཞུགས་པའི་སྟོབས་ཀྱིས་དྲངས་པའི་དགའ་བ་བཞི་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ལ། སྲོག་འཛིན་གཉིས་ཀྱི་སྐབས་སུ་དགའ་བཞིའི་རྟོགས་པ་དུ་མ་སྐྱེད་ནུས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་མི་བཟུང་ངོ་། །མི་འགྱུར་བ་ནི། བདེ་བའི་རྟེན་ཀུན་ད་ལྟ་བུ་མི་འགྱུར་བའི་ཚུལ་ཁྱད་པར་བ་ལ་གོ་དགོས་ཀྱི། སྐྱེ་འགག་མི་བྱེད་པའི་རྟག་པ་ལ་འདོད་པ་ནི། གྲུབ་མཐའ་ལ་བློ་ཁ་མ་ཕྱོགས་པའི་མུན་སྤྲུལ་ལོ། །སྟོང་གཟུགས་ཀྱི་ཕྱག་ཆེན་མཚན་ཉིད་ཚང་བ་གྲུབ་ཀྱང་། མི་འགྱུར་བའི་བདེ་བ་སྐྱེད་མི་ནུས་པ་གཅིག་བཤད་པས། དེའི་ཚེ་ལས་རྒྱ་ལ་བརྟེན་པར་བྱས་ནས་རིམ་གྱིས་གཟུགས་ཀྱི་སྒོ་ནས་དགའ་བ་རྣམས་བསྒྲུབ་པར་གསུངས་སོ། །དེ་སྒྲུབ་ཐབས་ལེའུའི་འགྲེལ་པར། ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ། །ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་ལ། སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་ལས་ཀྱང་། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བའི་དོན་དུ་བཙན་ཐབས་ཀྱི་སྦྱོར་བ་ཡང་ཐབས་སོ། །བཙན་ཐབས་སྦྱོར་བ་འདི་ལྟ་སྟེ། གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ནས་རླུང་མ་བསྡམས་པ་ཉིད་ཀྱིས་མི་འགྱུར་བའི་སྐད་ཅིག་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་ནཱ་ད་གོམས་པར་བྱས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྒོམ་པའི་བཙན་ཐབས་ཀྱིས་ཧཱུཾ་གིས་རྣམ་པའི་སྒྲ་ཡིས་སྲོག་དབུ་མར་གཞུག་པར་བྱའོ། །འདི་ལྟར་ལེགས་པར་བསླབ་པའི་མཆོག་གི་འདོད་པ་མོ། །རྒྱུད་ལས་གསུངས་པའི་ཡོན་ཏན་དང་ལྡན་པས་རྗེས་སུ་ཆགས་པ་མོའི་ཀཀྐོ་ལར་བོ་ལར་ཆོ་ག་བཞིན་དུ་བཅུག་ལ། མི་འདར་བ
འཕྲིན་སྟེགས། weikangba