སེམས་གནས་དགུ་ནི། ༡.སེམས་འཇོག་པ། ༢.རྒྱུན་དུ་འཇོག་པ། ༣.གླན་དུ་འཇོག་པ། ༤.ཉེ་བར་འཇོག་པ། ༥.དུལ་བར་བྱེད་པ། ༦.ཞི་བར་བྱེད་པ། ༧.རྣམ་པར་ཞི་བར་བྱེད་པ། ༨.རྩེ་གཅིག་ཏུ་བྱེད་པ། ༩.མཉམ་པར་འཇོག་པ་རྣམས་ཡིན་ལ། དེ་དག་སྟོབས་དྲུག་གི་གྲུབ་ལུགས་ནི། བླ་མའི་གདམས་ངག་ཐོས་པའི་སྟོབས་ཀྱིས་སེམས་དང་པོ་འགྲུབ། བསམ་པའི་སྟོབས་ཀྱིས་གཉིས་པ་འགྲུབ། དྲན་པའི་སྟོབས་ཀྱིས་གསུམ་པ་དང་བཞི་བ་འགྲུབ། ཤེས་བཞིན་གྱི་སྟོབས་ཀྱིས་ལྔ་བ་དང་དྲུག་པ་འགྲུབ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་བདུན་པ་དང་བརྒྱད་པ་འགྲུབ། འདྲིས་པའི་སྟོབས་ཀྱིས་དགུ་བ་འགྲུབ་བོ། དེ་དག་ཡིད་བྱེད་བཞིར་སྡུས་ཚུལ་ནི། དང་པོ་དང་། གཉིས་པའི་སྐབས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང་། བར་བ་ལྔའི་སྐབས་ཆད་ཅིང་འཇུག་པའི་ཡིད་བྱེད་དང་། བརྒྱད་པ་ནི་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དང་། དགུ་པ་ནི་ལྷུན་གྱི་འགྲུབ་བྱེད་དུ་འཇོག་པ་ཡིན་ནོ། དེ་ལྟར་སེམས་གནས་དགུ་རིམ་གྱིས་འགྲུབ་པའི་མཐར་ཤིན་སྦྱངས་མི་གཡོ་བ་ཐོབ་པ་དང་། དུས་མཉམ་དུ་བསམ་གཏན་དང་པོའི་ཉར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་འགྲུབ་པ་ཡིན་ནོ། དེ་ལྟ་བུའི་ཞི་གནས་གྲུབ་པའི་རྗེས་སུ་ཟབ་མོ་དབུ་མའི་ལྟ་བ་ལ་རྩེ་གཅིག་ཏུ་དཔྱད་འཇོག་ཆ་མཉམ་དུ་གོམས་པར་བྱེད་པ་དཔྱད་པ་རང་སྟོབས་ཀྱིས་དྲངས་ཤིན་སྦྱངས་ཁྱད་པར་ཅན་ཐོབ་པ་ན། ལྷག་མཐོང་མཚན་ཉིད་པ་ཐོབ་པ་ཡིན་ལ། དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་ན་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་འཛིན་ཤེས་རབ་ཀྱིས་རལ་གྲི་རྣོན་པོས་སྤང་བྱ་སྒྲིབ་གཉིས་ཀྱི་གཡུལ་ངོ་རིམ་གྱིས་བཅོམ་ནས་སྐུ་བཞིའི་རྒྱལ་ཐབས་ཆེན་པོ་མངོན་དུ་བྱས་ཏེ་ནམ་མཁའ་ཇི་སྲིད་བར་འགྲོ་བའི་རེ་བ་སྐོང་བའི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་པ་འབྱུང་བ་ཡིན་ནོ། བསླབ་པ་ནོད་པའི་དགེ་སློང་དག ། དབེན་པ་དག་ཀྱང་ཐོབ་པར་ཤོག ། གཡེང་བ་ཐམས་ཅད་སྤང་ནས་ནི། ། སེམས་ནི་ལས་རུང་སྒོམ་གྱུར་ཅིག ། འདི་ལྟར་པིར་བྲིས་ལས་བྱུང་དགེ་བ་དེས། ། ཀུན་གྱི་སེམས་གནས་དོན་འདི་རྟོགས་གྱུར་ཏེ། ། འཁོར་བའི་རྒྱ་མཚོ་ཆེ་ལས་མྱུར་ཐར་ཏེ། ། བླ་མེད་བྱང་ཆུབ་གོ་འཕང་ཐོབ་པར་ཤོག།།
འཕྲིན་སྟེགས། weikangba