རི་དྭགས་ཆོས་འཁོར།

2015-03-26
107

 

  རང་རེའི་དགོན་སྡེ་ཁག་གི་ཡང་རྩེ་ན་རིག་རྒྱུ་མང་བའི་འཁོར་ལོ་དང་རི་དྭགས་ཀྱི་གཟུགས་ལས་གྲུབ་པའི་བཀོད་པ་ཡ་མཚན་ཅན་ཏེ་རི་དྭགས་ཆོས་འཁོར་ཞེས་པ་ནི།  གདུལ་བྱའི་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་ཁུག་པའི་དོན་ཡིན་རུང་།   ཞིབ་པར་ཞུས་ན།   འཁོར་ལོའི་གྲུབ་ཆ་གཙོ་བོ་གསུམ་སྟེ།  འཛིན་བྱེད་ཀྱི་ལྟེ་བ།གཅོད་བྱེད་ཀྱི་རྩིབས།  སྡུད་བྱེད་ཀྱི་མུ་ཁྱུད་བཅས་གསུམ་ཀྱིས་ཚུལ་ཁྲིམས།  ཏིང་འཛིན།  ཤེས་རབ་བསླབས་པ་གསུམ་མམ་ཡང་ན་འདུལ་བ།  མདོ་སྡེ།  མངོན་པ་བཅས་ཆོས་སྡེ་སྣོད་གསུམ་མཚོན་ལ།  རི་དྭགས་ཕོ་མོ་གཉིས་པོས་ཆོས་འཁོར་གྱི་རྩེ་མོར་བློ་རྩེ་གཅིག་ཏུ་ལྟ་བ་ནི།  ཕྱི་ནང་གི་གྲུབ་མཐའ་འཛིན་མཁན་གང་ཟག་སུ་འདྲ་ཞིག་ཡིན་ཡང་།

  མཐར་ཐུག་འབྲས་བུ་སྐུ་གསུམ་ལ་དམིགས་ཤིང་།  བགྲོད་པའི་ལམ་ནི་སངས་རྒྱས་ཀྱིས་བསྟན་པའི་ལམ་མཆོག་ཏུ་གྱུར་བ་བསླབས་པ་གསུམ་ལས་གཞན་གང་ཡང་མེད་པ་རབ་ཏུ་མཚོན་བྱེད་ཅིག་ཡིན།  དེ་ཡང་དོན་དམ་དུ་འཁོར་ལོ་རྩིབས་བརྒྱད་ལས།   འཕགས་ལམ་ཡན་ལག་བརྒྱད་དང་བཅས་པའི་སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་དང་།   རི་དྭགས་ཕོ་མོ་གཉིས་ལས།ཐབས་དང་ཤེས་རབ་གཉིས་མཚོན་གྱི་ཡོད་པས།  དོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ན།   ངེས་པར་དུ་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་བྱ་དགོས་པའི་ནང་པ་སངས་རྒྱས་པའི་རིང་ལུགས་གཏིང་ཟབ་ཅིག་མཚོན་གྱི་ཡོད།
  • 顶