
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གྱི་དཔལ་མོ་མཛེས་མཛེས་ཡིད་འོང་སྟོབས་ཀྱིས་མཉེས། རྨ་ཆུ་ལི་མ་ལྷུང་ལྷུང་སྒེག་པའི་ཉམས་ཀྱིས་འབབ། ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྨ་ཆེན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་ཅུས་དང་རྭ་རྒྱ་གྲོང་རྡལ་མི་དམངས་སྲིད་གཞུང་གཉིས་ཀྱིས་སྒྲུབ་འགན་འཁུར་བའི2025ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་སྐབས་བཅུ་དགུ་པའི་རྨ་ཆེན་ས་ཚིགས་ཀྱི་མགོ་རྩོམ་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་སྤེལ།


མགོ་རྩོམ་མཛད་སྒོའི་ཐོག བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་གླུ་སྐད་སྙན་མོ་དང་གར་མཁན་ཕོ་མོ་མང་པོའི་མཛེས་ཤིང་སྡུག་པའི་གར་ཉམས་ཀྱིས་ཕྱོགས་ཀྱི་མགྲོན་པོ་སྟོང་ཕྲག་དུ་མའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་ཤིང་། ཐེངས་འདིའི་རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་སྡུར་གྱི་སྒོ་འཕར་ཡང་ལེགས་པར་ཕྱེས།


རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་ཁག་སོ་སོར་བསྡོམས་པས་འགྲན་ཞུགས་པ140ཡོད་ཅིང་། དེའི་ཁྲོད་ཨུ་རུ་སུ་ཧ་སག་སི་ཐན། ཝུ་ཁེར་ལན། དབྱི་ཐ་ལི། དབྱིན་ཇི། འཇར་མན། སུའེ་ཙེར། ཞང་ཀང་། ཨོ་མིན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ལུས་རྩལ་པ་ཡང40ཡོད། འགྲན་སྡུར་ནི་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུ་རབ་ཁའི་ལྷོ་རྒྱུད་ནས་བྱང་རྒྱུད་ལ་རྐྱལ་རྒྱུ་ཡིན་པ་དང་། འགྲན་སྡུར་གྱི་བར་ཐག་ལ་རྨི500འདུག
