
པར་འདི་ནི་ཉེན་རྟོག་པས་གྲོང་མིར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་འགྲེལ་བཤད་རྒྱག་པའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2025ལོའི་ཟླ6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས24པ་ཡིན་པ་དང་བརྗོད་བྱ་གཙོ་བོ་ནི“མི་ཚང་མས་བདེ་འཇགས་བཤད་པ་དང་མི་ཚང་མས་འཕྲལ་བསྟུན་ཐུབ་པ། ཉེ་འགྲམ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་འཚོལ”ཞེས་པ་ཡིན། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་དངོས་གནས་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱ་འགུལ་གྱི་ཁྱབ་ཚད་དང་ཤུགས་རྐྱེན་ཐེབས་ཚད། ཟབ་ཞུགས་ཚད་བཅས་ཇེ་མཐོར་གཏོང་ཆེད། ཟླ6པའི་ཚེས16ཉིན་བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་སྒྲུབ་ཁང་དང་རང་སྐྱོང་ལྗོངས་འཕྲལ་བསྟུན་དོ་དམ་ཐིང་གིས་ལྷ་ས་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་སྒྲུབ་ཁང་དང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་སྒྲུབ་ཁང་ལ་མཉམ་འབྲེལ་བྱས་ཏེ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གནམ་དཔྱད་སྤྱི་གླིང་དུ2025ལོའི“བདེ་འཇགས་དྲིལ་བསྒྲགས་བློ་འདྲི་ཉིན་མོའི”སྲང་ལམ་གཅིག་གི་བྱ་འགུལ་སྤེལ་བ་རེད།
བྱ་འགུལ་གྱི་ཡུལ་དངོས་སུ་ལས་ཁུངས་ཁག་གིས་འགྲེམ་པང་བཤམ་སྟོན་དང་བདེ་འཇགས་སྒྲོག་འགྲེལ། དཔྱད་གཞིའི་ཡིག་རིགས་འགྲེམ་གཏོང་སོགས་བྱས་པ་བརྒྱུད། སྤྱི་དམངས་ལ་རིགས་སོ་སོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྱི་འབྱུང་རྐྱེན་དང་། དབྱེ་འབྱེད་ངོས་འཛིན་བྱེད་སྟངས། ཐག་གཅོད་བྱེད་ཐབས་སོགས་དྲིལ་བསྒྲགས་ཁྱབ་གདལ་དུ་བཏང་སྟེ། བདེ་འཇགས་དོགས་ཟོན་གྱི་ལན་སློག་ནུས་པ་ཇེ་མཐོར་བཏང་བ་དང་། དམངས་ཡོངས་ཀྱི་བདེ་འཇགས་ཉེན་ཁའི་འདུ་ཤེས་དང་གནོད་འགོག་གནོད་སེལ། རྒུད་སྐྱོབ་ཐག་གཅོད་ནུས་པ་གང་ནུས་སྒོས་ཆེ་རུ་བཏང་། དེ་དང་ཆབས་ཅིག རི་མོར་བལྟས་ནས་མངོན་མེད་རྐྱེན་ངན་འཚོལ་བ་དང་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་འགྲན་བསྡུར། ཡུལ་དངོས་སུ་མེ་གསོད་པའི་འགྲན་བསྡུར། བདེ་འཇགས་ཤེས་བྱའི་དྲི་བ་དྲིས་ལན་སོགས་བྱ་འགུལ་སྤེལ་བ་བརྒྱུད། མང་ཚོགས་དང་ཁེ་ལས་ཀྱི་ལས་བཟོ་བར་མཉམ་འགུལ་ཧུར་ཐག་བྱས་ནས་བདེ་འཇགས་ཤེས་བྱ་སྔར་བས་ཡོངས་ཁྱབ་དང་བརྒྱུད་སྒྲོག་བྱས་པ་དང་། སྤྲོ་སྐྱིད་ཀྱི་སྣང་ཚུལ་ཁྲོད་སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ནུས་པ་ཆེ་རུ་བཏང་ནས་མུ་མཐུད་དུ་བདེ་འཇགས་ཀྱི་རྣམ་པ་ལེགས་པོ་བསྐྲུན།
བོད་རང་སྐྱོང་ལྗོངས་འཕྲལ་བསྟུན་དོ་དམ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་ཧོ་ཐའོ་ཡིས་ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་དང་། ལྗོངས་ཡོངས་ཀྱི་སྡེ་ཁག་སོ་སོའི་ཐུན་མོང་འབད་བརྩོན། རྒྱ་ཆེའི་ཁེ་ལས་དང་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ཟབ་ཞུགས་འོག བོད་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་བརྟན་ཐོག་ཇེ་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། “བདེ་འཇགས་དྲིལ་བསྒྲགས་བློ་འདྲི་ཉིན་མོའི”བྱ་འགུལ་ནི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་བདེ་འཇགས་འདུ་ཤེས་ཇེ་དྲག བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིར་ཁ་ཐུག་གདོང་འཕྲད་ཀྱིས་ཕན་ཚུན་སྤེལ་རེས་མཉམ་འགུལ་བྱས་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་ཤེས་བྱ་དང་འཕྲལ་བསྟུན་རྒྱུན་ཤེས་དྲིལ་སྒྲོག་བྱས་པ་དང་། ཚང་མས་དོ་ཁུར་བྱེད་བཞིན་པའི་བདེ་འཇགས་ཐོན་སྐྱེད་གནད་དོན་གྱི་དྲིས་ལན་བཏབ་ནས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་། རྗེས་མར། བོད་ལྗོངས་ཀྱིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱ་འགུལ་གོ་སྐབས་སུ་བརྩིས་ནས་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། བདེ་འཇགས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བདེ་འཇགས་བརྟན་བརླིང་གི་ཁོར་ཡུག་གཏོད་དགོས་ཞེས་བསྟན། །
康巴卫视微信公众号