ཕིན་ཕའེ་ཨོ་ཡིས་ཧཱ་སག་སི་ཐན་དུ་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁའི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་འཐབ་ཇུས་གསར་བ་མཚམས་སྦྱོར་བྱས།

2020-02-03
0

     ཟླ་གཉིས་པའི་ཚེས་གཉིས་ཉིན། ཧཱ་སག་སི་ཐན་གྱི་ནོའུ་ཨར་སུའུ་ཏན་ནས། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་གཉིས་ཀྱིས་ཚེས་གཉིས་ཉིན་སོ་སོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་དང་། ས་ཁུལ་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཕིན་ཕའེ་ཨོ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཧཱ་སག་སི་ཐན་གྱིས་ལག་བསྟར་བྱས་པའི་ཆབ་སྲིད་དཔལ་འབྱོར་གྱི་བཅོས་བསྒྱུར་འཆར་གཞིར་གདེང་འཇོག་གང་ལེགས་བྱས་པ་དང་། རྒྱལ་ཁབ་གཉིས་ལ་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཐད་བློ་གཏོད་རུང་བའི་གྲོགས་པོའི་འབྲེལ་བ་ཡོད་པར་འདོད། ཕིན་ཕའེ་ཨོ་ཡིས་ཐའོ་ཁཱ་ཡེ་ཧྥུའུ་ལ་ཨ་མེ་རི་ཁས་མི་འགྱངས་པར་འདོན་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་འཐབ་ཇུས་གསར་བའི་གཞི་རྩའི་ནང་དོན་མཚམས་སྦྱོར་བྱས་པ་དང་། འཐབ་ཇུས་གསར་བ་དེས་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་སྒེར་ཚུགས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་གཙོར་འཛིན་ངེས་ཡིན་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་གྲོས་མོལ་རྐྱེན་སྲོལ་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཧཱ་སག་སི་ཐན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། དཔལ་འབྱོར་ཉོ་ཚོང་། དངུལ་གཏོང་། བརྡ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ད་རུང་ཨ་ཧྥུའུ་ཧན་གནད་དོན་གྱི་ཧཱ་སག་སི་ཐན་གྱི་དམིགས་བསལ་འཐུས་མིའི་ལས་གནས་བཙུགས་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ཁྱབ་སྒྲོག་བྱས།

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འབད་བརྩོན་བྱེད་དགོས་པ་ནན་བཤད་བྱས། ཁོས་བཤད་རྒྱུར། མིག་སྔར་ཧཱ་སག་སི་ཐན་མངའ་ཁོངས་སུ་ཧཱ་སག་སི་ཐན་དང་ཨ་མེ་རི་ཁའི་མཉམ་འབྲེལ་དངུལ་གཏོང་ཁེ་ལས་བཞི་བརྒྱ་དང་བཅུ་ཡོད་པ་དང་། ཨ་མེ་རི་ཁའི་ཧཱ་སག་སི་ཐན་གྱི་དངུལ་གཏོང་གཞི་རྒྱ་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔ་ལས་བརྒལ་ཡོད་ཟེར། 

ཕིན་ཕའེ་ཨོ་ཚེས་གཅིག་ཉིན་གྱི་དགོང་མོར་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་དུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཚེས་གསུམ་ཉིན་ཝུའུ་ཙི་པེ་ཁི་སི་ཐན་དུ་སོང་ནས་ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁ་ལྔའི་གྲོས་མོལ་ལ་ཞུགས་རྒྱུ་རེད།


  • 顶 0