ཀྲུང་གོ་དང་ལའོ་ཝའོ་ཡི2026ལོའི་ཞི་བདེའི་མེ་འཁོར་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས7ཉིན་གྱི་སྔ་དྲོར་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་སྤེལ་མགོ་བརྩམས། ལའོ་ཝའོ་ཡི་རྒྱལ་སྲུང་པུའུ་དང་ལའོ་ཝའོ་ཡི་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་མཁོ་འདོན་པུའུ། སྤྱི་ཁྱབ་ལག་རྩལ་པུའུ། དེ་མིན་སྤྱི་བདེ་པུའུ་བཅས་ཀྱི་འགོ་ཁྲིད་པ་དང་། ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་དཔོན་དང་ཀྲུང་གོའི་ཕྱོགས་ཀྱི་མཛུབ་སྟོན་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི། ཀྲུང་གོ་དང་ལའོ་ཝའོ་དམག་དཔུང་གཉིས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས།
མཛད་སྒོའི་ཡུལ་དངོས་སུ། ཐོག་མར་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས་པ་དང་། ལའོ་ཝའོ་མི་དམངས་དམག་དཔུང་གི་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་པུའུ་ཀྲང་དང་ཀྲུང་གོའི་མཛུབ་སྟོན་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་གཉིས་ཀྱིས་སོ་སོར་ཞུ་ཚིག་ཕུལ་བར་མ་ཟད་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལའོ་ཝའོ་མི་དམངས་དམག་དཔུང་གི་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་པུའུ་ཀྲང་ཀྲན་ཏིས་ཀྱིས་ཞུ་ཚིག་ཕུལ་ཏེ། ལའོ་ཝའོ་དང་ཀྲུང་གོའི་ཞི་བདེ་མེ་འཁོར་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དང་སྨན་བཅོས་ཞབས་ཞུའི་བྱ་འགུལ་རབ་དང་རིམ་པ་ནི་དམག་དཔུང་གཉིས་ཀྱི་མཉམ་འབྲེལ་རྒུད་སྐྱོབ་དང་རང་བྱུང་གནོད་འཚེ་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་སྟེགས་བུ་ཞིག་ཡིན་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་ཟབ་མོ་མངོན་པར་མཚོན་ཡོད། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བརྒྱུད་དེ་དམག་དཔུང་གཉིས་ཀྱི་མཁོ་འདོན་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཀྲུང་གོའི་ཕྱོགས་ཀྱི་མཛུབ་སྟོན་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཝུའུ་ཏན་གྱིས་བསྟན་དོན། 2017ལོའི་ཚུན་ལ། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་རིགས་ཐེངས་དྲུག་ལ་སྤེལ་བ་དང་། ཐེངས་འདིའི་ཞི་བདེའི་མེ་འཁོར་ཞེས་པའི་སྨན་བཅོས་རུ་ཁག་ཡང་བསྐྱར་ལའོ་ཝའོ་རུ་བསྐྱོད་པ་ལས། དུས་རབས་གསར་བར་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་ཀྱི་རེ་བ་གསོན་ཉམས་ལྡན་པར་ལག་ལེན་བྱས་ཡོད་ལ། དམག་དཔུང་གཉིས་ཀྱི་མཁོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་གལ་ཆེན་གལ་ཆེན་ཞིག་ཀྱང་ཡིན། དེ་ལས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཐུབ་ངེས་རེད་ཟེར།
མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ཀྲུང་གོའི་ཕྱོགས་ཀྱི་འཁྲབ་ཁྲིད་པ་ཧི་ཀྲིན་གྱིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་བྱ་འགུལ་དེ་ཟླ9བའི་ཟླ་སྨད་བར་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དམག་མི700ལྷག་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱིས་རིམ་འདས་དྲག་རླུང་ཆེན་མོའི་གནོད་འཚེའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་རྒུད་སྐྱོབ་གཞིར་བཟུང་སྟེ། རིམ་པ་གསུམ་གྱི་བཀོད་འདོམ་དང་རིམ་པ་བཞི་ཡི་རྒུད་སྐྱོབ་མ་ལག་བཀོད་སྒྲིག་བྱས་ཡོད་ཅིང་། འཕྲོད་བསྟེན་མེ་འཁོར་དང་གཡུལ་སའི་མྱུར་སྐྱོབ་སྒྲིག་ཆས། མི་མེད་རིག་ནུས་སྒྲིག་ཆས་སོགས་ལ་བརྟེན་ནས། མཉམ་བསྲེས་སྦྱོང་བརྡར་དང་བརྒྱུད་རིམ་ཧྲིལ་བོའི་མཉམ་འབྲེལ་སྦྱོང་བརྡར། དམག་མིའི་དངོས་སྦྱོང་སོགས་རྩ་འཛུགས་བྱས་པ་དང་།
རྒྱལ་ཁོངས་བརྒལ་བའི་མཉམ་འབྲེལ་གསོ་རིག་རྒུད་སྐྱོབ་ཀྱི་འཁོར་སྐྱོད་རྣམ་པ་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་གཉིས་ཀྱི་མཁོ་སྒྲུབ་ཉེན་སྲུང་མཐུན་སྦྱོར་འགུལ་སྐྱོད་དང་ཉེན་ཁའི་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བར་སྦྱོང་བརྡར་བྱས་ཡོད་ཟེར།
དམག་དོན་སྦྱོང་བརྡར་སྐབས་སུ། ཕྱོགས་གཉིས་ཀྱིས་ད་རུང་སྨན་བཅོས་ཞབས་ཞུ་དང་རིག་གནས་བརྗེ་རེས་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba