ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་མཚམས་སུ། སྤྱི་ཟླ་11པའི་ཚེས་9ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀོང་ཀྲོའུ་རུ་2026ལོ་ནས་2032ལོ་བར་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཡུན་རིང་པར་དབང་གི་གན་རྒྱ་བཞག་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབུ་འཛིན་ཧྲེན་ཧའེ་ཞུང་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་ཡིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་གན་རྒྱ་བཞག་པ་དང་འབྲེལ། སྤྱི་ཁྱབ་ལས་ཁུངས་ཀྱི་2026ལོའི་སྨི་ལན་-ཁོར་ཏི་ན་ཏན་ཕེ་ཙོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཕྲིན་སྤེལ་མཚོན་རྟགས་ཐུན་མོང་ཐོག་ཁྱབ་བསྒྲགས་གནང་བ་རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཚེ་གང་མཚན་འཛིན་ཀྲུའུ་ཞི་པ་ཧོ་བྱེད་སྒོར་ཞུགས་ཡོད་པ་རེད།
ཁའོ་ཝུན་ཁྲུའེ་དང་པ་ཧོའི་ཐུན་མོང་གི་བདེན་དཔང་འོག ཧྲེན་ཧའེ་ཞུང་གིས་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་བརྒྱུད་བསྒྲགས་འཕྲིན་སྤེལ་མཁན་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་པ་དང་། ལག་རྩལ་འགན་ལེན་ཚོགས་པ། ཁྲོམ་ར་གསར་འབྱེད་ཚོགས་པ་བཅས་ལ་དར་ཆ་སྤྲད་པ་རེད། འགྲན་སྡུར་གྱི་བརྒྱུད་བསྒྲགས་སྒྲིག་གཞི་གཙོ་བོ་དང་། སྨྱན་སྦྱོར་ཡོངས་ཀྱི་པར་དབང་ཕྱོགས་འབའ་ཞིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ལས་ཁུངས་ཀྱི་མི་4000ལྷག་ཙམ་ལས་གྲུབ་པའི་བརྒྱུད་བསྒྲགས་ཚོགས་པ་གཙོ་བོ་དང་མི1000ལ་ཉེ་བའི་བརྒྱུད་བསྒྲགས་ཚོགས་པས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་ནས་འཛམ་གླིང་རྩེར་སོན་གྱི་ལུས་རྩལ་འགྲན་སྡུར་བཟོ་སྒྲིག་དང་གཏོང་སྤེལ་ཆུ་ཚད་ཐོག་ནས་ལྟད་མོ་བ་ཚོར་འགྲན་སྡུར་ལ་བལྟ་བའི་མྱོང་ཚོར་ཟབ་མོ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
ཧྲེན་ཧའེ་ཞུང་གིས། ཨོ་ལིམ་ཕིག་གི་སྙིང་སྟོབས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམིགས་ཚད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འདུན་པ་དང་ཧ་ཅང་འཚམ་པོ་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཨོ་ལིམ་ཕིག་འཕྲིན་ལམ་གཏོང་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་ལས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགྲན་སྡུར་གལ་ཆེན་བརྒྱུད་གཏོང་དང་ལུས་རྩལ་རིག་གནས་བྱེད་སྒོ་སྒྲིག་འཛུགས་ཁྱབ་གདལ་གཏོང་བ་སོགས་བརྒྱུད། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཉིས་ཟུང་འབྲེལ་བྱས་ཐོག་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་ཀྲུང་གོའི་དམིགས་འབེན་འཛུགས་སྐྲུན་ལ་རམ་འདེགས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་དེ་འཛམ་གླིང་ཁྱོན་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་གནང་བ་རེད།
ཁའོ་ཝུན་ཁྲུའེ་ཡིས། དེ་ནི་རང་ཉིད་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་ཐོག་མ་དེ་ཡིན། ཀྲུང་གོའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འཚོག་ཉེའི་མཚམས་སུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དབར་གྲོས་མཐུན་བཞག་པར་དོན་སྙིང་གལ་ཆེན་ལྡན་པ་དེའི་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཤོག་ལྷེ་གསར་པ་ཕྱེ་བ་མཚོན་ཡོད། དེ་ནི་ཕན་ཚུན་དབར་གྱི་མཛའ་གྲོགས་ཀྱི་དཔང་པོ་དང་ཡིད་ཆེས་ཀྱི་ཉིང་བཅུད་ཡིན་ལ། དེ་བས་ལག་གདང་སྦྲེལ་ཏེ་ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཞི་བདེ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དམ་བཅའ་བརྟན་པོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ལས་ཁུངས་ཀྱིས་ཆུ་ཚད་མཐོ་བའི་འགྲན་བསྡུར་བཟོ་སྒྲིག་དང་གཏོང་སྤེལ་ལག་རྩལ་དང་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་དྲིལ་བསྒྲགས་འཕྲིན་སྤེལ་ལ་བརྟེན་ནས། གོ་ལ་ཧྲིལ་པོའི་ལྟད་མོ་བས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་ཐུབ་པ་བྱས་ཐོག་ལུས་རྩལ་འགྲན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་བྱ་རྒྱུའི་རེ་སྒུག་བཅངས་བཞིན་ཡོད་ཅེས་གསུངས་པ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་2026ལོ་ནས་2032ལོ་བར་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཡུན་རིང་པར་དབང་གི་གྲོས་མཐུན་བཞག་པ་དེའི་ཐོག་ནས་འབྱུང་འགྱུར་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་དང་དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་དུས་འཁོར་ནང་། སྤྱི་ཁྱབ་ལས་ཁུངས་དེ་དུས་འཁོར་གསར་པའི་ཀྲུང་གོའི་སྐམ་ས་ཆེ་མོ་དང་། ཨའོ་མོན་ས་ཁུལ་གྱི་ཨོ་རྩལ་འགྲན་ཚོགས་བརྒྱུད་གཏོང་སྒྲིག་གཞི་འབའ་ཞིག་ཏུ་དངོས་སུ་གྱུར་བ་མཚོན་གྱི་ཡོད་དོ། །
འཕྲིན་སྟེགས། weikangba