གཉེན་སྒྲིག་མཁན་ལ་བྱ་དགའ་དངུལ་འདི་སྤྲོད་བཞིན་འདུག

2025-11-09
216

  གཉེན་སྒྲིག་བྱས་ན་བྱ་དགའ་ཡོད། ས་ཆ་མང་པོ་ཞིག་གིས་བཟའ་ཚང་གསར་པ་ལ་འཛད་སྤྱོད་འཛིན་ཤོག་སྤྲོད་པའམ་ཡང་ན་དངུལ་སྨར་བྱ་དགའ་སྤྲོད་ཀྱི་ཡོད། 

ཀྲེ་ཅང་ཏུང་དབྱང་གྲོང་ཁྱེར་གྱི་གཉེན་སྒྲིག་ཐོ་འགོད་བྱེད་སར་“00ལོར་རྗེས་སུ་སྐྱེས་པའི”མག་གསར་དང་བར་གསར་ལི་ཝུན་ཁྲེང་དང་ལི་མེང་ཡུས་གཉིས་ཀྱིས་གཉེན་སྒྲིག་མ་བྱས་གོང་གི་ཟུར་ཁྲིད་དང་གཉེན་སྒྲིག་ཐོ་འགོད་། གཉེན་སྒྲིག་ལག་ཁྱེར་སྤྲོད་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས། སྲིད་གཞུང་གིས་སྤྲད་པའི“དྲོ་སྐྱིད་ལག་རྟགས”ཏེ་“གཉེན་སྒྲིག་འཛད་སྤྱོད་འཛིན་ཤོག་”ཐོབ་པ་རེད། 

  ཟླ་10ཚེས་22ཉིན་ནས་བཟུང་། ཀྲེ་ཅང་ཏུང་དབྱང་དུ་ཆ་རྐྱེན་དང་མཐུན་པའི་བཟའ་ཚང་གསར་པ་ཚང་མས་དངུལ་ཁང་མཉམ་འབྲེལ་གཏོང་སྤྲོད་Appབརྒྱུད་ནས“སྒོར་500ཟིན་ན་སྒོར་200གཅོག་པའི”འཛད་སྤྱོད་འཛིན་ཤོག་5ལེན་ཆོག་པ་དང་། བསྡོམས་འབོར་སྒོར་1000ཡིན་པ་དེའི་ནང་གཉེན་སྒྲིག་གི་བརྙན་པར་དང་། གཉེན་སྒྲིག་མཛད་སྒོ། སྤྲོ་གསེང་ཡུལ་སྐོར། མགྲོན་ཁང་། གཉེན་སྲོལ་གསར་གཏོད། སིལ་ཚོང་བཟའ་བཏུང་སོགས་གཉེན་སྒྲིག་འཛད་སྤྱོད་བྱ་ཡུལ་མང་པོ་ཚུད་ཡོད་པ་རེད།

  ཏུང་དབྱང་དམངས་སྲིད་ཅུས་གཉེན་སྒྲིག་ཐོ་འགོད་ཁྲུའུ་ཡི་ཀྲུའུ་རེན་ཧོ་ལི་ལིས་མཚམས་སྦྱོར་བྱས་པར་གཞིགས་ན། འཛད་སྤྱོད་འཛིན་ཤོག་དེ་དག་གི་དུས་ཡུན་ནི་འཛིན་ཤོག་བླངས་རྗེས་ཀྱི་ཉིན་30ཡིན་པ་དང་། དེའི་དམིགས་ཡུལ་ནི་གཉེན་སྒྲིག་འཛད་སྤྱོད་འཛིན་ཤོག་གི་སྐུལ་ཁྲིད་ཕན་ནུས་འདོན་སྤེལ་བྱས་ནས་གཉེན་སྒྲིག་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། གཉེན་སྒྲིག་དཔལ་འབྱོར་དེ་འཛད་སྤྱོད་ཀྱི་འཕར་གནས་གསར་པ་ཞིག་ཏུ་འགྱུར་བར་འཇུག་རྒྱུ་དེ་ཡིན། དེ་བཞིན་ཉིང་པའོ་དང་ཧང་ཀྲོའུ་དམངས་སྲིད་སྡེ་ཁག་གིས་ཀྱང་ས་གནས་དེ་གར་གཉེན་སྒྲིག་ཐོ་འགོད་བྱས་པའི་བཟའ་ཚང་གསར་པར་ཕྱོགས་ནས་ཁྱིམ་ཚང་རེར་གཉེན་སྒྲིག་འཛད་སྤྱོད་འཛིན་ཤོག་སྒོར་1000སྤྲོད་ཀྱི་ཡོད་པ་རེད།

  གཉེན་སྒྲིག་འཛད་སྤྱོད་འཛིན་ཤོག་སྤྲོད་པ་ཕུད། ས་གནས་ཁ་ཤས་སུ་ད་དུང་གཉེན་སྒྲིག་གི་བྱ་དགའི་དངུལ་ཡོད། ཧྲན་ཞི་ཞིང་ཆེན་ལིའུ་ལིའང་གྲོང་ཁྱེར་དུ། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལིའུ་ལིའང་གྲོང་ཁྱེར་དུ་གཉེན་སྒྲིག་ཐོ་འགོད་(ཕྱོགས་གཉིས་ཀས་ཐོག་མར་ཐོ་འགོད་བྱས་པ་རེད)བྱས་མ་ཟད། བག་གསར་ལོ་35མན་ཡིན་པའི་བཟའ་ཚང་ལ་སྒོར་1500ཡི་བྱ་དགའ་སྤྲད་པ་རེད།

  ལིའུ་ལིའང་གྲོང་ཁྱེར་དམངས་སྲིད་ཅུས་སྤྱི་ཚོགས་ལས་དོན་ཁང་གི་གཉེན་སྒྲིག་ཐོ་འགོད་འགན་འཁུར་པ་ཝུའུ་ཆན་དབྱིན་གྱིས་བཤད་དོན། སྲིད་ཇུས་གསར་པ་ལག་བསྟར་བྱས་རྗེས་གཉེན་སྒྲིག་ཐོ་འགོད་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ད་ལོའི་ཟླ་1ནས་10བར། ལིའུ་ལིའང་གྲོང་ཁྱེར་གྱི་གཉེན་སྒྲིག་ཐོ་འགོད་བཟའ་ཟླ་22194ཟིན་པ་དེ་དུས་མཚུངས་ལས་33%འཕར་ཡོད། དེའི་ནང་བྱ་དགའ་སྤྲོད་པའི་ཆ་རྐྱེན་དང་མཐུན་པའི་བཟའ་ཟླ་16456ཡོད་པ་དང་རིམ་རྩིས་མ་དངུལ་སྒོར་ཁྲི་2493.73སྤྲད་པ་རེད། ལོ་གསར་སོགས་དམིགས་བསལ་གྱི་དུས་ཆེན་ནང་གཉེན་སྒྲིག་ཐོ་འགོད་བྱས་པའི་མི་གྲངས་དེ་བས་མང་བ་དང་། རྫོང་དང་གྲོང་ཁུལ་ཁག་གིས་ད་དུང་ལག་ཁྱེར་སྤྲོད་པའི་མཛད་སྒོ་རྣམ་པ་སྣ་ཚོགས་སྤེལ་ནས། བཟའ་ཚང་གསར་པར་མཛད་སྒོའི་སྐྱིད་སྣང་ཟབ་མོ་མྱོང་བར་བཅུག་ཡོད།


  • 顶