《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཞེས་བྱ་བའི་རྒྱ་འགྱུར་གཉིས་ཀྱི་ལོ་ཙཱའི་མཐའ་དཔྱོད་དང་རོལ་མྱོང་།

2020-09-16
0

༄༅།།《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཞེས་བྱ་བའི་རྒྱ་འགྱུར་གཉིས་ཀྱི་ལོ་ཙཱའི་མཐའ་དཔྱོད་དང་རོལ་མྱོང་།

 ཞུས་ཧྲི་ཧྥང་།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ཀྱི་རྒྱ་འགྱུར་གཉིས་གུང་བསྒྲིགས་ཤིང་མ་ཡིག་ལ་ཁུངས་བཅོལ་ཏེ། ཡིག་སྒྱུར་རིག་པའི་གཞུང་ལུགས་དང་ལོ་ཙཱའི་མཐའ་དཔྱོད་ཀྱི་རིག་པ་ལ་བརྟེན་ནས་འགྱུར་གཉིས་ལས་ལེགས་པའི་ཆ་དང་ཐེ་ཚོམ་གྱི་ཆ་སོ་སོར་དཔྱད་དེ་བསམ་འཆར་དང་གྲོས་གཞི་བཏོན་ཡོད།

[བརྡ་ཆད་གཙོ་བོ། ] 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 ལོ་ཙཱའི་མཐའ་དཔྱོད། ལོ་ཙཱའི་རོལ་མྱོང་།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] H159 “214”

[ཡིག་ཚང་མཚན་བྱང་། ] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0144-10

  སྤྱིར་ལོ་ཙཱའི་བྱ་གཞག་འདི་བདེ་ལེགས་ངང་སྤེལ་ཐུབ་མིན་ལོ་ཙཱའི་མཐའ་དཔྱོད་ལ་རག་ལས་ཡོད་ཚུལ་བོད་ཀྱི་གནའ་དེང་གི་མཁས་པ་མང་པོའི་གླེང་གཞི་རུ་གྱུར་ཡོད། སྐབས་དོན་གྱི་ལོ་ཙཱའི་མཐའ་དཔྱོད་ནི་རྩོམ་རིག་མཐའ་དཔྱོད་ཀྱི་ནང་གསེས་ཤིག་སྟེ། དེ་ནི་ཚད་ལྡན་གྱི་གཞུང་ལུགས་ཤིག་ལ་བརྟེན་ནས་འགྱུར་མ་གང་དེའི་མ་ཡིག་གི་བསྟན་དོན་དེ་ཇི་བཞིན་དུ་མཚོན་ཡོད་མེད་དང་ཀློག་པ་པོ་རྣམས་ཀྱིས་བརྡ་དོན་གོ་བདེ་བར་རྟོགས་ཡོད་མེད། རྩོམ་གྱི་ཉམས་སྣང་ཐོན་ཡོད་མེད་སོགས་རྩོམ་གྱི་དགེ་སྐྱོན་གསལ་འབྱེད་དང་ལེགས་ཉེས་ལ་གདེང་འཇོག་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཕྱི་ནང་དང་མི་རིགས་གང་རུང་གི་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱའི་མཐའ་དཔྱོད་ཀྱི་ཕྱོགས་ལ་མཐོང་ཆེན་གང་ལེགས་བྱས་ཡོད། དཔརེ ་ན་ལོ་ཙཱ་བ་ཆེན་པོ་མའོ་ཏུན་གྱསི ་“རྩོམ་རིག་ལོ་ཙཱའི་ཐད་དུ་གཞན་སྐྱོན་དང་རང་སྐྱོན་བརྗོད་དགོས་པའི་འདུ་བྱེད་སྤེལ་དགོས་”①ཞེས་ཞལ་གསུང་གནང་མྱོང་བ་དང་། མཁས་པ་ཆེན་པོ་ཅི་ཞན་ལིན་གྱིས་《ལོ་ཙཱའི་ཉེན་ཁ་》ཞེས་པའི་དཔྱད་བརྗོད་ཅིག་སྤེལ་ཏེ་འགྱུར་སྐྱོན་ཡོ་བསྲང་དང་སྒྱུར་ཐབས་སྤྱོད་སྟངས་སོགས་གསལ་པོར་བསྟན་ཏེ་ལོ་ཙཱའི་མཐའ་དཔྱོད་གལ་ཆེ་ཚུལ་བརྗོད། དེ་བཞིན་བོད་ལ་མཚོན་ནའང་དེ་སྔོན་བོད་ཀྱི་ལོ་ཙཱའི་སྐོར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དཔྱད་གཏམ་གང་མང་སྤེལ་ཡོད་དེ། དཔེར་ན་ས་པཎ་གྱི་《མཁས་འཇུག་》ལས། སྐད་རང་སོར་འཇོག་པ་དང་མུན་སྤྲུལ་དུ་བསྒྱུར་བ། དོན་གསལ་པོར་མ་རྟོགས་པར་བསྒྱུར་བ། གོ་རིམ་ལྡོག་པར་བསྒྱུར་བ། ཁམས་མ་ཤེས་པར་བསྒྱུར་བ། སྔོན་བྱུང་གཏམ་རྒྱུད་མ་ཤེས་པར་བསྒྱུར་བ་སོགས་འགྱུར་སྐྱོན་མཛུབ་མོ་བཙུགས་ནས་དཔེར་བརྗོད་དང་བཅས་དབྱེ་ཞིབ་དང་ཞུས་དག་མཛད་དེ། ངེས་པ་དོན་གྱི་བོད་ཀྱི་ལོ་ཙཱའི་མཐའ་དཔྱོད་ཀྱི་རིག་པ་གསར་དུ་བཏོད་པ་རེད། དེར་མཐུད་ནས་རྒྱལ་དབང་ལྔ་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་རང་རང་གི་ཐུན་མིན་གྱི་ལོ་ཙཱའི་མཐའ་དཔྱོད་སྤེལ་ནས་རིག་པ་འདི་ཉིད་གོང་དུ་སྤེལ་བར་མིག་དཔེ་བཟང་པོ་བསྟན་ཡོད། ཕྱིས་འགྱུར་རྩོམ་མང་དུ་ཕྱིན་པ་དང་བསྟུན་འགྱུར་སྐྱོན་ཡང་རབ་དང་རིམ་པ་འབྱུང་བཞིན་པར་དམིགས་ནས་མཁས་དབང་དམུ་དགེ་ཚང་གིས་《མུན་སེལ་སྒྲོན་མེ་》ཞེས་པར་གྲུབ་མཐའ་ཁག་གི་མིང་དང་ས་ཆ་ཁ་ཤས་ཀྱི་མིང་མི་ཉུང་བ་ཞིག་གི་རྒྱ་འགྱུར་དང་བོད་འགྱུར་གཉིས་བསྡུར་ནས་སྐྱོན་ཆ་བཏོན་ཏེ་ལོ་ཙཱའི་བྱ་གཞག་ལ་ཐུགས་ཁུར་རྒྱ་ཆེར་གནང་། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་ཁོང་གི་《མིང་ཚིག་གསར་པ་རྩོམ་སྒྱུར་ལ་ཉེ་བར་མཁོ་བའི་བསམ་འཆར་འགའ་ཞིག་》ཅེས་པར་མིང་གསར་པའི་ཡིག་སྒྱུར་ལ་མདོ་དབུས་ཁམས་གསུམ་དུ་གཅིག་གྱུར་མིན་ཚུལ་དང་། དེའི་ཉེས་དམིགས། གཅིག་གྱུར་ཡོང་རྒྱུ་གལ་ཆེ་ཚུལ། མིང་བརྡ་གསར་པའི་ཡིག་སྒྱུར་ལ་ངེས་པར་མཁོ་བའི་དགོངས་འཆར་སོགས་གནང་ཡོད། དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས་སློབ་མར་སློབ་ཁྲིད་གནང་སྐབས་བོད་སྐད་ཀྱི་མིང་ཚིག་གི་སྦྱོར་སྲོལ་དང་མི་མཐུན་པའི་ལོ་ཙཱའི་སྐྱོན་བརྒྱད་བཏོན་ཏེ་རྒྱ་བོད་ཐ་སྙད་ལོ་ཙཱའི་ཁྲོད་འབྱུང་སླ་བའི་སྐྱོན་བརྒྱད་ལ་བརྡ་སྤྲོད་རིག་པའི་སྟེང་ནས་དཔྱད་པ་གསལ་ཟབ་དག་གསུམ་འཛོམས་པ་གནང་། དེ་བཞིན་ད་སྔ་བོད་ཀྱི་དུས་དེབ་ཁག་ཏུ་ལོ་ཙཱའི་མཐའ་དཔྱོད་དང་འབྲེལ་བའི་དཔྱད་རྩོམ་རབ་དང་རིམ་པ་འབྱུང་བཞིན་ཡོད་པས་རྒྱ་བོད་ལོ་ཙཱའི་མཐའ་དཔྱོད་ཀྱི་རིག་པ་འདི་ཉིད་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པར་བྱས་ཡོད། 

  • 顶 0