སྤྱི་ཚོགས་ལས་དོན།

2020-01-22
0

སྤྱི་ཚོགས་ལས་དོན་ནི་མི་ལ་རོགས་བྱེད་པ་དང་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་ཞིག་ཡིན། དེ་ཡིས་སྤྱི་ཚོགས་སྟེང་གི་དབུལ་བོ་དང་ཉམ་ཆུང་། ལུས་སེམས་སྐྱོན་ཅན་སོགས་ལ་རོགས་རམ་དང་། དཔལ་འབྱོར་ལ་དཀའ་ཁག་ཡོད་པ་དང་འཚོ་བ་རོལ་སྟངས་མ་ལེགས་པ་ལས་བཟོས་པའི་སྤྱི་ཚོགས་གནད་དོན་ལ་སྔོན་འགོག་དང་ཐག་གཅོད་བྱེད་པ་ཡིན། སྡོད་ཁུལ་གྱི་ཞབས་ཞུའི་བྱ་བ་བསྒྲུབ་པ། སྤྱི་ཚོགས་བྱེད་ནུས་ཆ་ཚང་བར་གཏོང་བ། སྤྱི་ཚོགས་ཕན་བདེའི་ཆུ་ཚད་དང་སྤྱི་ཚོགས་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ། མི་སྒེར་དང་སྤྱི་ཚོགས་འཆམ་མཐུན་གཅིག་གྱུར་གྱི་རེ་འདུན་མངོན་འགྱུར་དང་། སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་བྱེད་པ་སོགས་ཡིན།

      སྤྱི་ཚོགས་ལས་དོན་ལས་རིགས་ཀྱིས་སྤྱི་ཚོགས་འགྱུར་ལྡོག་དང་མིའི་རིགས་འབྲེལ་བ་མཉམ་བསྲེས་ལ་སྐུལ་འདེད་བྱེད་པ་དང་། མིའི་རིགས་ཀྱིས་བདེ་སྐྱིད་འཚོལ་ཞིབ་བྱེད་པར་ཤུགས་སྣོན་དང་བཅིངས་འགྲོལ་གཏོང་བ་ཡིན། སྤྱི་ཚོགས་ལས་དོན་པ་ཡིས་མིའི་རིགས་ཀྱི་བྱ་སྤྱོད་དང་སྤྱི་ཚོགས་མ་ལག་སོགས་ལ་བརྟེན་ནས། མིའི་རིགས་ཀྱིས་སྔར་ལས་ཀྱང་ཁོར་ཡུག་བར་འབྲེལ་བ་ལེགས་པོ་རྒྱུན་འཁྱོངས་བྱེད་པར་རོགས་བྱེད་པ་ཡིན། སྤྱི་ཚོགས་ལས་དོན་ལས་རིགས་ནི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་དྲང་བདེན་རྨང་གཞིའི་རྩ་དོན་དུ་བཟུང་ནས་སྤེལ་བ་ཡིན།

སྤྱི་ཚོགས་ལས་དོན་ནི་མི་ཆོས་རིང་ལུགས་དང་དམངས་གཙོའི་འདུ་ཤེས་ལས་བྱུང་བ་ཡིན་ཞིང་། དེ་ཡི་རིན་ཐང་ལྟ་ཚུལ་ནི་མི་ཚང་མ་འདྲ་མཉམ་ཡིན་པ་དང་། རིན་ཐང་དང་ཟིལ་ཤུགས་ལ་བརྩི་མཐོང་བྱེད་པ་རྨང་གཞི་བྱས་པ་ཡིན། ལོ་བརྒྱ་ལྷག་གི་ལོ་རྒྱུས་གཞིར་བཟུང་ནས། དེང་སྐབས་ཀྱི་སྤྱི་ཚོགས་ལས་དོན་ལག་བསྟར་གྱི་གཙོ་གནད་དེ་མིའི་རིགས་ཀྱི་འདོད་བློ་ཚིམ་པར་བྱེད་པ་དང་མིའི་རིགས་ཀྱི་མི་མངོན་པའི་ནུས་པའི་སྟེང་བཞག་ཡོད། འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་དྲང་བདེན་ནི་སྤྱི་ཚོགས་ལས་དོན་སྒྲུབ་པའི་སྒུལ་ཤུགས་དང་ཁྲིམས་མཐུན་རང་བཞིན་གྱི་བརྟེན་ས་ཡིན། ང་ཚོས་སྤྱི་ཚོགས་ཀྱི་ཉམ་ཆུང་ཚོགས་སྤྱི་དང་ལྷན་དུ། དབུལ་སེལ་དང་། ཉམ་ཆུང་དང་བཤུ་གཞོག་མྱོང་བཞིན་པའི་མི་རྣམས་བཅིངས་འགྲོལ་བྱེད་པའི་སྟེང་ཤུགས་བཏོན་ནས། ཉམ་ཆུང་ཚོགས་སྤྱི་ལས་དོན་ལ་ཞུགས་པའི་ཚད་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་ལས་དོན་གྱི་རིན་ཐང་ལྟ་ཚུལ་དེ་རྒྱལ་ཁབ་སོ་སོ་དང་འཛམ་གླིང་གི་ལས་རིགས་སྤྱོད་སྟངས་ཁྲོད་རྐང་ཚུགས་ཡོད།

      སྤྱི་ཚོགས་ལས་དོན་གྱི་འབྱུང་ཁུངས་ནི་དབུལ་བོར་རོགས་སྐྱོར་དང་དགེ་གཉེར་ལས་དོན་ལས་བྱུང་བ་ཡིན། སྤྱི་ཚོགས་ལས་དོན་ནི་བཟོ་ལས་ཅན་གྱིས་བསླངས་པའི་སྤྱི་ཚོགས་གནད་དོན་དང་བསྟུན་ནས་བྱུང་བ་རེད། བཟོ་ལས་ཅན་སྔོན་ལ་དར་བའི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས་དང་ཐབས་ལམ་གྱིས་སྤྱི་ཚོགས་ལས་དོན་གྱི་བྱུང་བ་ལ་ལག་བསྟར་གྱི་རྨང་གཞི་བཏིངས་བ་རེད། འདི་ལྟ་བུ་ནི་མང་ཆེ་ཤས་ཆོས་ཚོགས་དང་མི་སྒེར་གྱིས་སྤེལ་བ་དང་། རྩ་འཛུགས་མེད་པའི་མི་སྒེར་གྱིས་སྦྱིན་པ་དང་རོགས་སྐྱོར་བྱས་ཤིང་། དེ་ནས་རིམ་གྱིས་རྩ་འཛུགས་ཡོད་པའི་སྤྱི་ཚོགས་རོགས་སྐྱོར་དང་སྤྱི་ཚོགས་ཞབས་ཞུ་སྟེ། རྒྱལ་ཁབ་རང་བཞིན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་རྨང་གཞིར་གྱུར་བ་རེད།


  • 顶 0