ཀན་སུའུ་དཔའ་རིས་སུ་ཐུ་ལུ་ཧུན་རྒྱལ་རྒྱུད་ཀྱི་བང་སོ་རྙེད་འདུག

2019-11-28
0

ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ11ཚེས་24ཉིན་གྱི་ལན་ཇུའི་གནས་འཕྲིན་ལྟར་ན། ཚེས་24ཉིན་གསར་འགོད་པར་ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ནས་ཟླ་དགུ་པའི་ཟླ་མཇུག་ཙམ་ལ་དཔའ་རིས་རྫོང་ཁོངས་སུ་ཐང་གི་ཝུའུ་ཙི་ཐེན་སྐབས་ཀྱི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་མུའུ་རུང་ཀྲི་ཚང་གི་བང་སོ་གསར་རྙེད་བྱུང་ཚུལ་རྒྱུས་ལོན་བྱུང་འདུག་ལ། འདི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་དང་དེ་འབྲེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།

དུར་སྦས་དངོས་པོ།

བང་སོ་འདི་ཡོད་ས་དཔའ་རིས་རྫོང་སྲབ་མདའ་བརྒྱད་ཞང་གི་མཆན་རྒན་གྲོང་ཚོའི་བྱང་རིའི་མགོ་ཡིན་ལ། ཡུལ་འདི་མདོ་ལའི་བྱང་རྒྱུད་ཀྱི་རི་རོང་མང་པོ་བསྣོལ་མཚམས་ཤིག་ཡིན།

དུར་སྦས་དངོས་པོ།

  བང་སོ་འདི་ནི་གྱོ་མོག་ལས་གྲུབ་ཅིང་དུར་གཙུག་དང་དུར་ཁུང་། དུར་སྒོ། གཡོལ་གྱང་། བར་ལམ་སོགས་ཆ་ཚང་ཡོད་པ་ཞིག་ཡིན་ལ། དེའི་ནང་ནས་རྫ་ཁྲ་དང་ལྕགས། ཟངས། རྡོ། གསེར། དངུལ། ཀོ་ཆས། དར་གོས་དང་སོ་མ་ལས་བྱས་པ་སོགས་ཅ་དངོས་རིགས་སྣ་220རྙེད་ཡོད་འདུག

 ཤེས་གསལ་ལྟར་ན། མིག་སྔར་སྔོག་འདོན་གྱི་ལས་ཀ་བྱེད་མུས་སུ་ཡོད་འདུག་ཅིང་། རོ་སྒམ་ཞིབ་འཇུག་ཁང་ལ་བསྐྱལ་ཟིན་པས་དེ་ནང་དུ་ཅི་ཡོད་ད་དུང་ཤེས་གསལ་བྱུང་མི་འདུག

 དུར་བྱང་དུ་“ཀྲོའུ་ཆེན་པོའི་མུའུ་རུང་ཕོ་བྲང་གི་དུར་བྱང་”ཞེས་བྲིས་པ་ལས་ཝུའུ་ཙེ་ཐེན་སྐབས་ཀྱི་མུའུ་རུང་ཀྲི་ཡི་བང་སོ་ཡིན་པ་ཤེས།

ཁོའི་དུར་བྱང་དུ་“ལོ་དེའི་ཟླ་དགུ་པའི་ཚེས་ལྔ་ལ་ཁུ་ཧན་གྱི་བང་སོ་ཆེན་པོར་སྦས”ཞེས་བྱུང་ལ། “ཁུ་ཧན་གྱི་བང་སོ་ཆེན་པོ་”ཞེས་བྱུང་བ་འདི་ཐོག་དང་པོ་ཡིན། འདིའི་དུར་བྱང་ལ་བརྟག་ན་ཉེ་འཁོར་ན་ཁུ་ཧན་གྱི་བང་སོ་ཆེན་པ་ཡོད་དགོས་པ་འདྲ། ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ཡིས་བང་སོ་ལ་བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་ནན་མོར་སྒྲུབ་མུས་སུ་ཡོད་ཚུལ་བསྟན།

 ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ཡིས་འདི་ནི་ཝུའུ་ཝེ་ས་ཁུལ་ནས་གསར་རྙེད་བྱུང་བའི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་ཀྱི་བང་སོ་སྔ་ཤོས་དང་ཆ་ཚང་ཤོས་དེ་ཡིན་པ་དང་། ཐུ་ལུ་ཧུན་གྱི་བང་སོའི་ཞིབ་འཇུག་སྐོར་གྱི་གསར་རྙེད་གལ་ཆེན་ཞིག་ཡིན་པར་བཤད་ལ། འདི་ཐུ་ལུ་ཧུན་དང་ཐང་གི་འབྲེལ་བ་དང་། དར་གོས་ཚོང་ལམ་གྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

ཐུ་ལུ་ཧུན་(སྤྱི་ལོ་313ལོ་ནས་སྤྱི་ལོ་663ལོ་བར་)ནི་ལུའོ་ཤར་གྱི་ཞན་པེ་རིགས་མུའུ་རུང་གི་རྒྱུད་པ་ཡིན་ཞིང་། ཕྱིས་སུ་ཀྲུང་གོའི་ནུབ་བྱང་རྒྱུད་དུ་ཡུལ་སྤོས་ནས་ཐུ་ལུ་ཧུན་རྒྱལ་ཁབ་བཙུགས་ལ། ཅིན་ནུབ་མ་ནས་ཐང་གི་དུས་སུ་ཆི་ལེན་རི་བོ་དང་རྨ་ཆུའི་སྟོད་རྒྱུད་དུ་གནས་པ་ཡིན།


  • 顶 0