མི་ཉག་རྒྱལ་བོའི་མཁར་ཤུལ།

2019-04-28
0

མི་ཉག་རྒྱལ་མཁར་རྡོ་རྗེ་དཔལ་ནི། སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་མཆོག་གིས་མཛད་པའི་དེབ་ཐེར་དཔག་བསམ་ལྗོན་བཟང་དུ།བྱང་གི་བོད་སོག་གི་མཚམས་ཀྱི་ཆུ་ནག་དང་ཉེ་བའི་གན་ཅུ་ཞེས་པའི་སའི་ཆར་མི་ཉག་བོད་རྒྱལ་བོའི་ཕོ་བྲང་གི་རྒྱབ་ཀྱི་བྲག་ལ་གའུའི་སྒྲོལ་མ་ནང་རྟེན་དུ་ཡོད་པའི་ཏཱ་རེ་ལྷ་ཁང་དང་།བཀའ་གདམས་གླེགས་བམ་དུ་བཤད་པའི་རྒྱལ་བུ་བློ་གྲོས་འཕེལ་གྱིས་རལ་གྲིས་བདུད་བཏུལ་ཚེ་བསྣམས་པའི་རལ་གྲི་ནང་རྟེན་དུ་ཡོད་པའི་མཆོད་རྟེན་བཞུགས་པའི་ལྷ་ཁང་ཉེར་ལྔ།ལྷ་ཁང་གསར་བ་གཉིས་འདུ་ཁང་དང་བཅས་ཡོད་ཅེས་གསུངས་བ་ལྟར།ད་ལྟའི་མཚོ་སྔོན་མཚོ་བྱང་ཁུལ་མདོ་ལ་རྫོང་མཁར་祁连县城ནས་བྱང་གི་ཕྱོགས་སུ་སྤྱི་ལེ་བཞི་ཙམ་གྱི་སར་གནས་ཡོད།རི་འདིའི་དབྱིབས་ནི་གཏོར་གཞོང་ཟུར་གསུམ་མ་ཞིག་དང་འདྲ་ལ།ཤར་ལྷོའི་བྲག་ངོས་ན་རྐང་ལམ་ཕྲ་མོ་ཙམ་ཞིག་ཡོད་པ་མ་གཏོགས།རི་འདིའི་ཕྱོགས་བཞི་ཚང་མ་གཡང་གཟར་དང་ནགས་ཚལ་ཡིན་ལ།རི་འདབས་སུ་གསེར་ལྡན་ཆུ་བོ་དང་ཆུ་ནག་གཙང་བོ་གཉིས་འདྲེས་ནས་བྱང་གི་ཕྱོགས་སུ་ལྷུང་ལྷུང་དལ་གྱིས་འབབ་བཞིན་ཡོད་པས།བྲག་མགོ་འདི་ནི་སྲུང་སླ་ཞིང་རྒོལ་དཀའ་བའི་རང་བྱུང་གི་བཙན་རྫོང་ཞིག་ཏུ་གྲུབ་ཡོད།

ངག་རྒྱུན་ལ་མི་ཉག་རྒྱལ་རབས་ཀྱི་རྒྱལ་བོ་ཐ་མ་རྡོ་རྗེ་དཔལ་ཞེས་པ་སོག་པོ་ཇིང་གུར་གྱི་དམག་དཔུང་དང་འཐབ་ནས་གཡུལ་ཕམ་ཚེ་ཡུལ་འདིར་བྲོས་བྱོལ་བྱས་ནས་བསྡད་པས།རྡོ་རྗེ་དཔལ་ཞེས་པའི་ས་མིང་འདི་ཡང་རྗེས་སུ་མི་མིང་ས་མིང་ལ་ཐོགས་པ་ཡིན་པར་གྲགས།རི་འདིའི་རྐེད་པ་ན་རྒྱལ་བོ་རྡོ་རྗེ་དཔལ་གྱི་ཕོ་བྲང་ཡིན་པར་གྲགས་པའི་མཁར་ཤུལ་རྙིང་བ་ལྔ་བཅུ་ལྷག་གཏོར་གཞོང་ནང་དུ་གཏོར་མ་བསྒྲིག་པ་ལྟར་ཆགས་ཡོད་ལ།མར་ཞབས་ཀྱི་ལུང་བའི་ནང་དུ་བཙོན་ཁང་ཞིག་ཨེ་སྙམ་པའི་ཁང་ཤུལ་འགའ།དུར་ས༢༠ལྷག་གི་ཤུལ།མཁར་འདིའི་ཉེ་འགྲམ་ན་ཡུར་རྐ་ཞིག་གི་ཤུལ་ཞིག་འདུག་པ་ནི།སྟོང་སོའི་རྫ་སྐེད་ནས་ཆུ་རྐ་བཟོས་ཏེ་རྡོ་རྗེ་དཔལ་གྱི་མཁར་ནང་དུ་དྲངས་པར་བཤད།ད་དུང་ལྷོ་ཕྱོགས་ཀྱི་ལུང་མདོ་ན་མཆོད་རྟེན་ཞིག་གི་ཤུལ་ཡོད་ལ་སྲོག་ཤིང་ད་ལྟ་ཡང་མ་ཉམས་པར་འདུགརྡོ་རྗེ་དཔལ་གྱི་ཕྱོགས་བཞིར་དམག་བརྡ་གཏོང་སའི་ས་གནས་བཞི་ཡོད་དེ།ཤར་ལྷོའི་ཕྱོགས་ཀྱི་མཚམས་ཁང་ཀླད་དང་།ལྷོ་ནུབ་ཕྱོགས་ཀྱི་སྟོང་སོ་ཆེ་བའི་ཝ་དཀར་ཀླད།ནུབ་བྱང་ཕྱོགས་ཀྱི་སྒོ་མེ་རྔ་སྐེ་ཀླད།བྱང་ཤར་ཕྱོགས་ཀྱི་བཙུན་མོ་ཀླད་བཅས་སུ་ཡོད།

    ངག་རྒྱུན་ཞིག་ལ།མི་ཉག་རྒྱལ་བོ་རྡོ་རྗེ་དཔལ་བསད་རྗེས་ཁོའི་བཙུན་མོར་ཇིང་གུར་རྒྱལ་བོས་ཆགས་སྤྱོད་བྱ་དུས་བཙུན་མོར་སྐྲ་འཛེར་གྱི་མགོ་གྲི་ཅན་ཞིག་ཡོད་པ་དེའི་རྒྱལ་བོའི་གསང་སྒྲོ་གཅོད་རྩིས་བྱས་ནས་གཅོད་མ་ཐུབ་པར་རྨས་སྐྱོན་ཕོག་པར་བརྟེན།སོག་རྒྱལ་ཁོ་ཡང་རྐྱེན་དེ་ལ་བརྟེན་ནས་ཡུན་རིང་མ་འགོར་བར་འཆི་བར་བཤད།མི་ཉག་རྒྱལ་བོའི་བཙུན་མོ་ཡང་ཆུ་ནག་ནང་དུ་མཆོངས་་ནས་རང་ཤི་བརྒྱབ་པར་བཤད་དོ།།

  མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་ཆེད་མཁས་པས་ཕྱི་ལོ༢༠༠༤ལོར་ས་གནས་དངོས་ནས་བརྟག་ཞིབ་བྱས་རྗེས།གནའ་མཁར་འདི་ནི་འདི་འདྲའི་ས་བཙན་ས་ཞིག་ཏུ་གནས་ཡོད་པར་བལྟས་ན་གཙོ་བོ་དགྲ་བོའི་ཚུར་རྒོལ་འགོག་ཆེད་དུ་བཞེངས་པ་རེད་ལ།རི་མཁར་སྟེང་གི་གྲམ་རྡོ་ཚང་མའང་གནས་འདི་ནས་ཐོན་པ་མིན་པར་གྲམ་གཞུང་ནས་ཡར་རི་སྟེང་དུ་སྐྱེལ་བ་ཡིན་པས།གྲམ་རྡོ་འདི་དག་ནི་དགྲ་ལ་རྒོལ་བྱེད་དུ་གྲ་སྒྲིག་བྱས་པ་ཡིན་པར་འདོད།མཁར་ནང་གི་ཁང་ཤུལ་མང་པོར་བལྟས་ན་སྐབས་དེར་མཁར་ནང་དུ་མི་ཧ་ཅང་མང་པོ་བསྡད་ཡོད་པའང་ཤེས་ཐུབ།ཡིན་ནའང་ས་གནས་འདི་ནས་ཐོན་པའི་དངོས་རྫས་ཤིན་ཏུ་ཉུང་བས།མཁར་འདི་བཞེངས་པའི་དུས་ཚོད་ནམ་ཡིན་པ་ཁ་ཚོན་གཅོད་དཀའ་ཞེས་སྡོམ་ཚིག་བཀོད་ཡོད།

ས་འདིའི་མང་ཚོགས་ཀྱི་ངག་རྒྱུན་ཞིག་ལ།རྒྱལ་བོ་རྡོ་རྗེ་དཔལ་འཆི་ཁར་རང་གི་རྒྱུ་ནོར་ཚང་མ་གཞན་སུ་ལའང་སྟེར་མ་འདོད་པར་གཡང་གཟར་གྱི་བྲག་ངོས་སུ་ཁུང་བུ་ཞིག་ཡོད་པ་དེའི་ནང་སྦས་ཡོད་པ་དང་།བྲག་ཁུང་ནང་དུ་གསེར་དངུལ་དང་དར་གོས།བ་སོའི་ཐུར་མ་སོགས་ཡོད་ཚུལ་ང་བརྒྱད་ཡར་སྔོན་ལ་ཕྱུགས་རྫི་ཚོས་མཐོང་བ་དང་རི་འདབས་ནས་རྫ་ཆས་སོགས་རྙེད་ཚུལ་གྱི་བཤད་རྒྱུན་མང་མོད་ཡིག་ཚོགས་ལ་འཇིགས་ནས་འདིར་མ་བྲིས་སོ།།

                               ཞོ་སྐྱེས་ཨཏྤལ་གྱིས ༢༠༡༥ ལོར་བྲིས།


  • 顶 0