


ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ༢༠༢༥ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་མེ་ཏོག་སྤང་ལ་བཞད་ཅེས་པ་བདེ་བླག་ངང་ཕབ་སྐྲུན་བྱས་པ་རེད།
ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་ནི་གཞོན་སྐྱེས་གླུ་པ་གླུ་མ་ལ་ཁ་ཕྱོགས་ནས། ལོ་གཅིག་ནང་ཀུན་གྱི་དགའ་བསུ་ཐོབ་པའི་གླུ་པ་གླུ་མ་གདན་འདྲེན་ཞུ་བཞིན་ཡོད་ལ། ནང་དོན་གྱི་ཆ་ནས་སྲོལ་རྒྱུན་གླུ་གཞས་ཀྱིས་རྨང་གཞི་བྱས་ཏེ། དེང་རབས་གླུ་གཞས་དང་། མི་རིགས་གཞན་པའི་ཚབ་མཚོན་བརྩམས་ཆོས་ཀྱང་རྣ་བའི་གསོས་དང་མིག་གི་ལོངས་སྤྱོད་དུ་འབུལ་བཞིན་ཡོད། ད་ལོའི་ལོ་གསར་བསུ་བའི་གླུ་ཚོགས་ཐོག མིང་དུ་གྲགས་པའི་གཞས་པ་པེ་རི་རང་གྲོལ་དང་གདུགས་དཀར་ཡག དགའ་ལྡན། འཇམ་དབྱངས། སེ་བོ་སོགས་དང་། གཞས་མ་གྲགས་ཅན་ཧོར་གཙང་ལྷ་ལུང་མཚོ་དང་དངོས་གྲུབ་སྒྲོལ་མ། གཡུ་ཁོག་མཚོ་མོ་སོགས་གདན་དྲངས་ནས་གླུ་གཞས་སྒྱུ་རྩལ་གྱི་སྟོན་མོ་གྱ་ནོམ་པ་བཀོད་སྒྲིག་བྱས་ཡོད།
ཐེངས་འདིའི་གླུ་ཚོགས་འདི་སྤྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར། ཁམས་པའི་བརྙན་འཕྲིན་ཁང་དང་། ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས། བརྙན་སྟེགས། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་སོགས་ནས་གཏོང་རྒྱུ་ཡིན་པས། ཀུན་གྱིས་གསན་གཟིགས་གནང་བར་དགའ་བསུ་ཞུ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba