ཟུར་མཁར་བློ་གྲོས་རྒྱལ་པོ།

2016-01-08
0

  ཟུར་མཁར་བློ་གྲོས་རྒྱལ་པོ་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན། རབ་བྱུང་དགུ་པའི་སྤྲུལ་༡༥༠༩ལོར་སྐུ་བལྟམས། མཚན་ཚེ་བརྟན་རྒྱལ་ཞེས་གསོལ། དེ་རྗེས་ཀརྨ་འཕྲིན་ལས་པས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཞེས་གནང་། སྐུ་ཆུང་དུས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱངས་པ་མཛད། ཁྱད་པར་དུ་གསོ་བ་རིག་པའི་ཐད་གླང་བུ་ཆོས་རྗེ་དང་། བྱམས་པ་བཀྲ་ཤིས་དཔལ་བཟང་སོགས་མཁས་དབང་དུ་མ་ལས་གསོ་རིག་གི་གཞུང་དང་ལུང་མང་པོ་གསན་སྦྱོང་གནང་བས་གསོ་བ་རིག་པར་འཆད་རྩོད་གསུམ་གང་ལའང་ཐོགས་པ་མེད་པར་གྱུར།

  རྗེ་གང་གིས་ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བསྟེན་ནས་རྩ་རྒྱུད་དང་། བཤད་རྒྱུད། ཕྱི་མའི་རྒྱུད་ཀྱི་ཆུ་མདོ་ཡན་གྱི་འགྲེལ་པ། རྩ་རྒྱུད་ཀྱི་བཤད་པ《མེས་པའི་ཞལ་ལུང》ཞེས་པ་དང་། 《ཕྱི་རྒྱུད་རྩ་ཆུའི་མེས་པོའི་ཞལ་ལུང》ཞེས་པ།སོགས་རྒྱུད་བཞིའི་བཤའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེས་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་། གཞན་ཡང་སྙན་ངག་མེ་ལོང་མའི་མེ་ལོང་ཞེས་པ་སོགས་རིག་གནས་གཞན་སྐོར་གྱི་ཕྱག་རྩོམ་སྣ་ཚོགས་དང་། རྗེ་མཉམ་ཉིད་རྡོ་རྗེའི་རྣམ་ཐར་སོགས།

  དམ་པ་ཉིད་ཀྱིས་གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞིའི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་། ལྷོ་ཁ་གྲ་ཐང་དུ་སྡེ་པ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་སྐད་གྲགས་ཆེ་བའི་གྲ་ཐང་རྒྱུད་བཞི་པར་དུ་བརྐོས་པ་དེ་ནི་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར། དེས་བོད་ཀྱི་ཡུལ་གྲུ་ཆེན་མོར་རྒྱུད་བཞི་འཆད་ཉན་དང་དར་འཕེལ་འགྲོ་རྒྱུར་ཕན་རླབས་ཆེན་པོ་ཐོན། ནང་སོ་དོན་ཡོད་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་བསྐྱངས། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་བཅོས་ཁོ་ན་མཛད། དགུང་ལོ་བདུན་ཅུ་ལྷག་ཙམ་འཚོ་ཞིང་བཞེས་པར་གྲགས། །

  • 顶 0