ཞི་ཅིན་ཕིང་གིས་དམག་དཔོན་ཧྲི་ཏི་ཝེའི་མི་རབས་རྗེས་མར་འཕྲིན་ལན་སྤྲིངས་པ།

2023-09-01
278

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་དམག་དཔོན་ཧྲི་ཏི་ཝེའི་ཚ་བོ་ཡུའེ་ཧན་དབྱི་སི་ཐི་པུའུ་ལུའུ་ཁི་ལ་འཕྲིན་ལན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། དབྱི་སི་ཐི་པུའུ་ལུའུ་ཁི་ཡིས་འཕྲིན་ཡིག་ནང་དམག་དཔོན་ཧྲི་ཏི་ཝེ་དང་དེའི་ཁྱིམ་རྒྱུད་ཀྱི་མི་རབས་ཁ་ཤས་ཀྱིས་ཀྲུང་གོར་མཛའ་བརྩེའི་འགྲོ་འོང་བྱས་པའི་ལོ་རྒྱུས་བརྗོད་པར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཧྲི་ཏི་ཝེའི་ཁྱིམ་རྒྱུད་ཀྱི་སྟེང་ནས་ངས་ཨ་རིའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་བརྩེའི་སེམས་པ་ཚོར་བྱུང་། དམག་དཔོན་ཧྲི་ཏི་ཝེ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། ཀྲུང་གོའི་བཅིངས་འགྲོལ་དང་འཕེལ་རྒྱས་ལས་དོན་ལ་དགེ་མཚན་ལྡན་པའི་རོགས་སྐྱོར་གནང་སྟེ། ཀྲུང་ཨ་མི་དམངས་ཀྱི་མཛའ་བརྩེ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་མི་དམངས་ཀྱིས་དེའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། ཉེ་སྔོན། ཁྲུང་ཆིན་གྲོང་ཁྱེར་དུ་དམག་དཔོན་ཧྲི་ཏི་ཝེ་འཁྲུངས་ནས་ལོ་འཁོར140ལོན་པའི་རྗེས་དྲན་བྱ་འགུལ་སྤེལ་བ་དང་། ཁྱེད་ཀྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ་ཞིང་། ཁྱེད་ཀྱི་སྲས་མོ་དང་མག་པ། བུ་རབས་ཚ་རྒྱུད་རྣམས་ཡུལ་དངོས་སུ་ཕེབས་ཡོད། དམག་དཔོན་ཧྲི་ཏི་ཝེ་ཡིས་སྤེལ་བའི་ཀྲུང་ཨའི་མཛའ་བརྩེའི་ལས་དོན་དེ་ཁྱིམ་རྒྱུད་ཀྱི་མི་རབས་ལྔ་བར་རྒྱུན་འཛིན་བྱས་པ་མཐོང་པས་ང་ལ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་སོང་ལ་ཕྱིར་དྲན་བྱས་ན། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་འཇར་པན་ཧྥ་ཞི་སི་ལ་འགོག་རྒོལ་དང་འཛམ་གླིང་གི་ཞི་བདེ་བརྩོན་ལེན་ཆེད་མཉམ་དུ་འཐབ་རྩོད་བྱས་མྱོང་ལ། མ་འོངས་པར་བལྟས་ན། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་དང་ཐུན་མོང་ཐོག་དར་རྒྱས་གཏང་ཆོག་ཆོག་རེད། ཀྲུང་ཨའི་འབྲེལ་བའི་རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ་དང་། སྟོབས་ཤུགས་ཀྱི་འབྱུང་ཁུངས་ནི་མི་དམངས་ཀྱི་མཛའ་བརྩེ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་དང་ཤེས་རྟོགས་ཇེ་ཆེ། མཉམ་ལས་རྒྱ་བསྐྱེད་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་མུ་མཐུད་དུ་སྣོན་དགོས། ཁྱེད་དང་ཧྲི་ཏི་ཝེ་ཁྱིམ་རྒྱུད་ཀྱི་ཁོངས་མི་གཞན་དག་གིས་མུ་མཐུད་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུར་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད། ཁྱེད་ཚོ་རྒྱུན་དུ་ཀྲུང་གོར་ལྟ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན།

ཉེ་ལམ། ཡུའེ་ཧན་དབྱི་སི་ཐི་པུའུ་ལུའུ་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཧྲི་ཏི་ཝེ་དང་ཀྲུང་གོ་དང་། ཀྲུང་གོ་མི་དམངས་བར་གྱི་འགྲོ་འོང་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ། དེའི་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མས་ཨ་ཀྲུང་གི་མི་ཆོས་བརྗེ་རེས་ཐད་འབད་བརྩོན་གནང་བ་མཚམས་སྦྱོར་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཡུན་རིང་པོར་ཨ་ཀྲུང་མི་ཆོས་བརྗེ་རེས་ལ་རྒྱབ་སྐྱོར་གནང་བར་གུས་འདུད་ཞུས་ལ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་གྲོགས་པོ་རྙིང་བ་མ་བརྗེད་པར་བཀའ་དྲིན་ཞུས་པ་མ་ཟད། ཧྲི་ཏི་ཝེ་ཁྱིམ་རྒྱུད་ཀྱིས་ཨ་ཀྲུང་མི་ཆོས་བརྗེ་རེས་གཏིང་ཟབ་དུ་གཏོང་བའི་ཕུགས་འདུན་དང་ཆོད་སེམས་མཚོན་པར་བྱས། །


  • 顶