
ཚེས་བདུན་ཉིན་གྱི་ཕྱི་དྲོར། སྐབས་དང་པོའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་མཐོ་རིམ་གླེང་སྟེགས་ཧྲིན་ཀྲིན་དུ་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཤིས་འཕྲིན་ནང་དུ། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་རིག་གནས་འོད་སྟོང་གསར་པ་འབར་བར་འབད་ནས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ང་ཚོས་རིག་གནས་འཛུགས་སྐྱོང་རྒྱལ་སྐྱོང་སྲིད་འཛིན་གྱི་དམིགས་བསལ་གྱི་གནས་སུ་བཟུང་སྟེ། རིག་གནས་འཛུགས་སྐྱོང་ཐད་ཀྱི་ཆོས་ཉིད་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་དང་། རིག་གནས་འཛིན་སྐྱོང་འཕེལ་གསུམ་་ཐད་ལ་ཤུགས་འདོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ཐད་གོམ་པ་བརྟན་པོ་སྤོས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་བས་ཕྲག་ཏུ་ཡག་པོ་ལེན་པ་དང་། རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན། སྒོ་འབྱེད་དང་གུ་ཡངས་མཐའ་འཁྱོངས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་རྩོམ་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། ལོ་རྒྱུས་ཀྱི་འགོ་བརྩམས་ས་གསར་པ་ནས་མུ་མཐུད་དུ་རིག་གནས་དར་རྒྱས་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པ། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་དཔལ་ཡོན་བསྐྲུན་ནས། མིའི་རིགས་ཀྱི་དཔལ་འབྱོར་ཕན་ཚུན་སྤེལ་རེས་ཐད་མུ་མཐུད་དུ་ཤུགས་འདོན་ཞིང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་ཆེད་དུ་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་དགོས་ཞེས་ནན་གསུངས་གནང་།
གླེང་སྟེགས་གཙོ་བོའི་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་ལི་ཧྲུའུ་ལེ་ཡིས་ཞི་ཅིན་ཕིང་གི་ཤིས་འཕྲིན་བརྒྱུད་བསྒྲགས་བྱས་ཤིང་བརྗོད་དོན་གཙོ་བོའི་གཏམ་བཤད་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་འཕྲིན་ནང་རིག་གནས་ཀྱི་ཡིད་ཆེས་བརྟན་པོ་དང་རིག་གནས་ཀྱི་རང་རྟོགས་མཐོན་པོ་མཆིས་ཤིང་། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པ་དང་། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་ཡོན་འཛུགས་སྐྱོང་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཐེངས་འདིའི་ཤིས་འཕྲིན་གྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་།འགན་འཁྲི་ཕྲག་ཏུ་ལེན་པ། དཀའ་སྤྱད་འབད་བརྩོན་བྱེད་པ། བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་པ། བསམ་པའི་སྟོབས་ཤུགས་ཇེ་དྲག་དང་རིག་གནས་ཀྱི་རྩ་བ་ཇེ་བརྟན། དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱས་ནས། སྤེལ་རེས་དང་ཕན་ཚུན་དཔེ་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་གླེང་སྟེགས་ནང་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཐིའེ་དབྱི་གླེང་སྟེགས་ནང་ཞུགས་ཤིང་གསུང་བཤད་གནང་ཡོད།
སྐབས་དང་པོའི་རིག་གནས་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩེ་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་རིག་གནས་ཡིད་ཆེས་ཇེ་བརྟན་དང་རིག་གནས་སྤེལ་རེས་དཔེ་སྟོན་བྱེད་དགོས་ཞེས་པ་དེ་ཡིན། གྲོས་ཚོགས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ལས་ཁུངས་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། རིག་གནས་ཀྱི་ཁེ་ལས་དང་དོན་ལས་ལས་ཁུངས་ཁ་ཤས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་རིག་མཛོད་ཆེད་མཁས་པ་སོགས་གླེང་སྟེགས་ནང་ཞུགས་ཡོད།
འཕྲིན་སྟེགས། weikangba