ཞི་ཅིན་ཕིང་ནས་ཇ་སྟོན་ཚོགས་འདུ་འདིའི་ཐོག་གསུང་བཤད་གལ་ཆེན་གནང་བ།

2023-01-03
8178
    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་12ཚེས་30ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་སྤྱི་ལོའི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་ལྷན་དུ་འཛོམས་ནས་སྤྱི་ལོ་2023ལོའི་སྤྱི་ལོའི་ལོ་གསར་ལ་བསུ་བ་ཞུས་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་སྤྱི་ལོ་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན། ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་སློང་བསུ་བ་དང་། འབད་འབུངས་ཡར་བརྩོན་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་སྒྲུབ་པ་བཅས་ཀྱིས་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་བཟང་པོ་ཞིག་འདིང་དགོས་ཞེས་ནན་སྟོན་གནང་འདུག

     ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་ཝན་བ། ཕྱིར་སྡོད་རང་མི་བཅས་དང་། དེ་བཞིན་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་དག་པའི་སྨོན་འདུན་ཞུས་གནང་ཡོད། 

     ཞི་ཅིན་ཕིང་གིས། སྤྱི་ལོ་2022ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དཔལ་འབྱོར་འཕར་སྣོན་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པ། འབྲུ་རིགས་ལ་ལོ་ལེགས་བྱུང་བ། ལས་ཞུགས་དང་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད། ང་ཚོས་དུས་བབ་དང་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལེགས་སུ་བཏང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ལེགས་བྱས་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གང་དྲགས་བཏང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་ཡོད། ང་ཚོས་ཤང་ཀང་མེས་རྒྱལ་དུ་པང་དུ་ལོག་ནས་ལོ་ངོ་25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ང་ཚོས“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱས་པར་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཕྱི་ཕྱོགས་ཁོར་ཡུག་སྤྱིའི་ཆ་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད་ཅེས་བསྟན་འདུག

     ཞི་ཅིན་ཕིང་གིས། སྤྱི་ལོ་2022ལོར་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་རྒྱུན་འཁྱོངས་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་པ། སྲིད་དོན་ཐད་གྲོས་འཆར་འདོན་པ་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་པ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ལ་དམིགས་ནས་གྲོས་མོལ་བྱས་ཏེ་འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་དམངས་གཙོའི་ལྟ་སྐུལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད། དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྔ་རྗེས་སུ་སྐབས་བརྗེ་བྱས་ནས་སྐབས་གསར་པའི་འགོ་ཁྲིད་ཚན་པ་བདམས་ཐོན་བྱུང་བ་དང་། ཆབ་སྲིད་ཀྱི་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་བ། ཏང་མང་མཉམ་ལས་ཀྱི་ཐུན་མོང་བསམ་བློ་དང་། ཆབ་སྲིད་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་ཅེས་གསུངས་འདུག

     ཞི་ཅིན་ཕིང་གིས། ལོ་གསར་པའི་ནང་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་སྤེལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་འདོན་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་དམིགས་ཚད་ཀྱི་ལས་འགན་དེ་བས་ལེགས་པའི་སྒོ་ནས་ལེགས་སྒྲུབ་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་སྟོན་གནང་འདུག

     ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས། ང་ཚོས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། དམངས་སེམས་གཅིག་མཐུན་དང་། དམངས་སྟོབས་གཅིག་སྒྲིལ། དམངས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ་བཅས་བྱས་ཏེ་སེམས་པ་གཅིག་མཐུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་འདུག

     ཇ་སྟོན་ཚོགས་འདུ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གཙོ་སྐྱོང་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོངས་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་ཏེ་གྲོས་མོལ་སྲིད་གླེང་ནུས་ལྡན་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཐོག་གོང་བུར་འགྲིལ་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམ་པ་དོན་གཉེར་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་འདུག

     གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེན་ཅན་པང་གིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་གསུངས་བཤད་གནང་བ་དང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་རྣམ་པ་གསར་པའི་སྲིད་ཏང་གི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། གོང་འཕེལ་ཡག་པོ། འཐུས་ཚང་ཡག་པོ་བཅས་ཡོང་བ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

     ཇ་སྟོན་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་གནང་ཡོད། 

     པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་དང་། དེ་སྔ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་བཞུགས་པའི་བློ་མཐུན་རྒན་གྲས་བཅས་ཇ་སྟོན་ཚོགས་འདུར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

  • 顶