བོད་ལྗོངས་དིང་རིའི་གྲོང་ཚོ27དང་དུད་ཚང2177གྱི་གནོད་ཐེབས་མང་ཚོགས་སྡོད་ཁང་གསར་པར་སྤོས་པ།

2025-10-24
256

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་དང་། མཚོ་སྒོ་ཤང་། ཆུ་ལྷོ་ཤང་བཅས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཤང་གསུམ་གྱི་སྲིད་འཛིན་གྲོང་ཚོ27དང་དུད་ཚང2177གྱི་གནོད་ཐེབས་མང་ཚོགས་ཟླ10པའི་ཚེས20ཉིན་སྡོད་ཁང་གསར་པར་སྤོས་པ་དང་བསྟུན་ནས། དིང་རི་རྫོང་གི་གྲོང་ཚོ་ཧྲིལ་པོའི་གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་མཇུག་འགྲིལ་བ་མཚོན་ཡོད། དིང་རི་རྫོང་གྲམ་སོ་ཤང་དང་། མཚོ་སྒོ་ཤང་། ཆུ་ལྷོ་ཤང་བཅས་ཤང3ནི་ད་ལོའི་ཟླ1པོའི་དིང་རིའི་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁོངས་ཡིན། 

བསྐྱར་སྐྲུན་ཡུལ་དངོས་སུ་ཇུས་འགོད་ཚན་རིག་དང་མཐུན་པ་དང་བྱེད་ནུས་ཆ་ཚང་བ། མཐོང་སྣང་མཛེས་ཤིང་སྤྱོད་སྒོ་ཆེ་བའི་དེང་རབས་ཅན་གྱི་སྡོད་ཁང་གསར་བ་གྲལ་འགྲིག་པོ་གནས་པ། ཆུ་དང་། གློག ལམ། དྲ་བ་དང་དེ་བཞིན་འཕྲོད་བསྟེན་ཁང་དང་བུ་བཅོལ་ཁང་། ལུས་རྩལ་ར་བ། ཞིང་ཁྱིམ་དཔེ་ཁང་། ཉིན་མོའི་ལྟ་སྐྱོང་ཁང་སོགས་སྤྱི་བའི་སྒྲིག་བཀོད་ཡོད་ཚད་ཚང་མ་འཛོམས་པས། འདི་དག་གིས་ས་གནས་མང་ཚོགས་ལ་བར་བརྒལ་སྡོད་ཁང་ཡོད་པ་ནས་སྡོད་ཁང་ཡག་པོ་ཡོད་པའི་བར་འཕེལ་འགྱུར་བྱུང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། དིང་རི་རྫོང་གིས་ཕྱོགས་སོ་སོའི་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། དམིགས་འབེན་དང་བྱེད་ཐབས་མཉམ་སྤྱོད་དང་སྤུས་ཚད་དང་འཕེལ་རིམ་གཙིགས་འཛིན་རྒྱུན་འཁྱོངས་བྱས་པ་དང་འགན་འཁྲི་ཕྱོགས་ཡོངས་ནས་ནན་ཏུ་བཏང་ནས་གནོད་ཕྱིའི་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་། “གནོད་ཕྱིའི་བསྐྱར་སྐྲུན་ལས་དོན་གྱི་ཁང་བའི་རྒྱ་ཁྱོན་དང་འཛུགས་ཡུལ་འདེམས་པ་དང་འཆར་འགོད། སྡོད་ཁང་བཟོ་སྟངས་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་ཚད་གཞི་ལྟར་ལག་བསྟར་ནན་མོ་བྱས་པ་དང་ཆབས་ཅིག ཁང་བའི་འཛུགས་སྐྲུན་ཐད་ཨར་འདམ་ལྕགས་རྩིབས་མའི་གཞི་སྒྲོམ་རྣམ་པའི་གྲུབ་གཞིི་བཀོལ་བ་དང་ལྦུ་ལྡང་སོ་ཕག་དང་ཁུང་མང་རྡོ་གཡམ་སོ་ཕག་སོགས་རྒྱུ་ཆ་བདམས་སྤྱོད་བྱས་ཏེ། བདེ་འཇགས་དང་དྲོད་འཛིན་གཤིས་ནུས་ཆེ་རུ་བཏང་ཡོད་ཅེས་དིང་རི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པ་པ་སངས་ནོར་བུ་ཡིས་བཤད། 

རྗེས་མར། དིང་རི་རྫོང་གིས་གནོད་ཕྱིའི་བསྐྱར་སྐྲུན་ལས་དོན་རྒྱུན་མཐུད་ལེགས་པོར་སྒྲུབ་ནས་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་གཅིག་གྱུར་དམ་འཛིན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་དམངས་འཚོ་ལེགས་གཏོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། འཚོ་སྡོད་དང་ལས་གཏོད་ལ་འཚམ་པ་དང་འཆམ་མཐུན་མཛེས་སྡུག་གི་དཔེ་སྟོན་གྲོང་གསེབ་བསྐྲུན་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་མཐོར་འདེགས་སུ་གཏོང་དགོས། །


  • 顶