
འདི་ནི2025ལོའི་སྐྱེ་ཁམས་སྒྱུ་རྩལ་མཉམ་རོལ་དུས་ཚིགས་ཏེ"སྟོན་ཀར་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ"ཞེས་པའི་བྱ་འགུལ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མདུན་གྲོང་གྲོང་ཚོར་སྤེལ་མགོ་བརྩམས་པའི་རྣམ་པ་རེད།

འདི་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད་དཔལ་འབར་རྫོང་སྒྱུ་རྩལ་ཚོགས་པས་གླུ་གར་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ས་ཞིང་ལ་ཐུར་ལྟ་བྱས་པའི་རྣམ་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མདུན་གྲོང་གྲོང་ཚོའི་གྲོང་མིས་སྲོལ་རྒྱུན་བྱ་ཐབས་སྤྱད་དེ་ནས་འབྲུ་འདོན་པའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ9པའི་ཚེས23ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བརྒྱད་པ་ཡིན། བསྟུད་མར་ཉིན་འགའི་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས"ཞིང་ལས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ། མཛེས་པའི་འཚོ་བ་མཉམ་དུ་རོལ"ཞེས་པ་བརྗོད་གཞི་ཡིན་པའི་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པ་སྤེལ་ཏེ། ཕུལ་དུ་བྱུང་བའི་རྨོ་འདེབས་རིག་གནས་རྒྱུན་འཛིན་དར་སྤེལ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་འགྲེམ་སྟོན། དུས་རབས་གསར་བའི་ལོ་ལེགས་ཀྱི་བསྟོད་གླུ་བླངས་ཡོད།
ཟླ9པའི་ཚེས23ཉིན། 2025ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བོད་ལྗོངས་ཀྱི་ཚོགས་ར་གཙོ་བོའི་རྟེན་འབྲེལ་བྱ་འགུལ་ཆབ་མདོ་གྲོང་ཁྱེར་བྲག་གཡང་རྫོང་དཀྱིལ་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་རོང་འབྲོག་པའི་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་དང་ཞབས་བྲོའི་གསོལ་སྟོན་གཟབ་རྒྱས་བཤམས་ཡོད་ཅིང་། སྤྲོ་སྣང་ལྡན་པའི་ཞབས་བྲོའི་སྟངས་སྟབས་ལས་ལོ་ལེགས་བྱུང་བའི་དགའ་སྤྲོ་མངོན་པ་དང་། སྐད་གསང་མཐོན་པོའི་གླུ་སྐད་ལས་དྲིན་ཚོར་བའི་སེམས་གཏིང་གི་སྐད་ཆ་བརྒྱུད་སྤྲོད་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་རོང་འབྲོག་པའི་དཔའ་ངར་ཆེ་སྐྱེད་སྒོས་ཡར་ཐོན་གྱི་སྙིང་སྟོབས་དང་གངས་ལྗོངས་ས་གཞི་ཆེན་མོའི་བརྩེ་བ་ཟབ་མོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་རེད།
ཞིང་ཕྱུགས་ལས་ནི་བོད་ལྗོངས་ཀྱི་འབྱོར་འབྲིང་གི་རྨང་གཞི་དང་འཕེལ་རྒྱས་ཀྱི་རྩ་བ། བརྟན་ལྷིང་གི་གནད་འགག་བཅས་ཡིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ནུས་པ་འདོན་པར་རྐང་ཚུགས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ཞིང་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བ་དང་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བ། རོང་འབྲོག་པའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བ་བཅས་ལ་སྐུལ་འདེད་བཏང་ཡོད།
ཟླ9པའི་ཚེས23ཉིན། ལྗོངས་ཡོངས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམ་ཚོང་བྱ་འགུལ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་སོགས་ས་ཁུལ་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་བྱས་ཏེ། མཐོ་སྒང་གི་ཁྱད་ཐོན་དངོས་རྫས་སྔར་ལས་མང་པོ་ཕྱིར་བསྐྱལ་ནས"ལོ་ལེགས་ཀྱི་གྲུབ་འབྲས""འབབ་འཕར་ཕན་འབྲས"སུ་སྒྱུར་བར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཞིབ་འཇུག་ཁྱབ་སྤེལ་ས་ཚིགས་ཀྱི་མཐོ་རིམ་ཞིང་ལས་ཚན་རིག་པ་ཁྲེན་ཁྲུའུ་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་རོགས་རམ་བྱས་པ་དང་། སྐྱེ་ལྡན་ལུད་དང་ས་དཔྱད་སྦྱོར་སྡེབ་ལུད་རྒྱག་པ། ནད་འབུའི་གནོད་འཚེ་བཀག་སྡོམ་ལག་རྩལ་བཅས་རྒྱ་ཆེར་སྤེལ་ནས། ཐོན་ཚད་དང་རྒྱུ་སྤུས་ཆེ་རུ་ཕྱིན་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་ཡོད།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་ཁྲང་ཤིའི་གྲོང་ཚོའི་སེ་འབྲུ་འདེབས་འཛུགས་ར་བའི་ནང་བསྐྱོད་ཚེ། མཛེས་སྡུག་ལྡན་པའི་རྒྱ་མཚོ་ཆེན་པོའི་ནང་སྤོས་པ་དང་གཅིག་མཚུངས་ཡིན། ལྡུམ་རའི་ནང་གཡུར་དུ་ཟ་བའི་འབྲས་ལྡན་ལོ་ལེགས་ཀྱི་རྣམ་པ་མཐོང་བའི་ན་ཡུལ་མིའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྲོས་ཡོང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ནོར་བུས་ད་ལོའི་སེ་འབྲུ་སྡོང་རྐང་རེའི་ཐོན་ཚད་སྤྱི་རྒྱ40ལས་བརྒལ་བ་དང་མུའུ་རེའི་ཆ་སྙོམས་ཀྱི་ཕན་འབྲས་ལོ་གོང་མ་དང་བསྡུར་ན15%འཕར་ཡོད་པས། གྲོང་ཚོ་ཡོངས་ཀྱི་དབུལ་ཐར་དུད་ཚང45ཡི་ཡོང་འབབ་བརྟན་པོའི་འཕར་བ་མངོན་འགྱུར་བྱུང་ནས། "སེ་འབྲུ་རྡོག་གཅིག་གི་སྣེ་གཉིས་ཞིམ་མངར་ལྡན་པ་སྟེ། ཐོན་ལས་དར་རྒྱས་དང་ཁྱིམ་ཚང་ཁྲི་སྟོང་ཕྱུག་པོར་འགྱུར"བའི་རེ་འདོད་ཡག་པོ་མངོན་འགྱུར་བྱེད་བཞིན་ཡོད།
གཞིས་ཀ་རྩེ་གྲོང་ཁྱེར་ལ"བོད་ཀྱི་འབྲུ་མཛོད"ཅེས་པའི་མཚན་སྙན་ཡོད་པས། ནས་འབྲུའི་ཐོན་ཚད་ཀྱིས་ལྗོངས་ཡོངས་ཀྱི50%ཡས་མས་ཟིན་ཡོད། ཟླ9པའི་ཚེས22ཉིན། གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི"ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན"གྱི་རྟེན་འབྲེལ་བྱ་འགུལ་སྤེལ་བ་རེད། འཕྲུལ་ཆས་ཅན་ལས་སྒྲུབ་ལྟ་སྦྱོང་ལྷུ་ཚིགས་སུ་བརྔ་བསྡུའི་འཕྲུལ་འཁོར་ཆེ་གྲས་དང་། སོན་འདེབས་འཕྲུལ་འཁོར་སོགས་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་ཀྱིས་ཡུལ་དངོས་སུ་ལས་སྒྲུབ་བརྒྱུད་རིམ་གསལ་སྟོན་བྱས་ནས། ཚན་རྩལ་གྱིས་ཞིང་ལས་ལ་མངོན་གསལ་ཕན་འབྲས་ཐོན་པར་ལྟ་རུ་བཅུག་པ་དང་དེའི་ནང་ཞུགས་མཁན་ཚོས"ཚན་རྩལ་གྱིས་ཞིང་ལས་དར་སྤེལ"གཏོང་བའི་སྟོབས་ཤུགས་དངོས་གནས་ཚོར་ཐུབ་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཟུར་མཚོ་ཤང་གི་ཏང་ཡོན་དང་བླངས་པས"ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ"ཅེས་པའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། གཅིག་བསྡུས་དང་བླངས་ཞབས་ཞུ་སྤེལ་བ་དང་ངལ་རྩོལ་ནུས་ཤུགས་མི་འདང་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལོ་ཏོག་བརྔ་བསྡུ་བྱ་བར་རོགས་རམ་བྱས་པ་དང་། ཏང་གི་ཞིང་ལས་སྟོབས་ཆེན་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། ལོ་ལེགས་བྱུང་བའི་དགའ་སྤྲོ་དང་རྩ་འཛུགས་ཀྱི་བརྩེ་བ་མང་ཚོགས་ཀྱི་སྙིང་ཁོང་སུ་བསྐྱལ་ཡོད།
རོང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་སྤོབས་པ་ཆེ་རུ་གཏོང་ཆེད། ཟླ9པའི་ཚེས23ཉིན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྟོད་ཡུལ་གྲོང་ཚོར་རོང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤེལ་བ་རེད། འགྲན་རའི་ཡུལ་དངོས་སུ་ཤན་འབྱེད་ཚན་ཆུང་གིས"བརྔ་བསྡུའི་དུས་ཚོད་ཉུང་ཤོས་དང་། ལོ་ཏོག་སྤུང་གསོག་ལེགས་ཤོས། ཞིང་ནང་སྙེ་མ་བཏུ་བ་གཙང་ཤོས"བཅས་ཕྱོགས་གསུམ་གྱི་ངོས་ནས་རྒྱུགས་འབྲས་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། འགྲན་བསྡུར་ནང་ཞུགས་པའི་ཡུལ་མི་ཚོས་འགུལ་སྐྱོད་གྲུང་ཤ་དོད་པོ་དང་གཞོགས་འདེགས་མ་གྲོས་མོས་མཐུན་ཡིན་པ། རྔུལ་ཆུ་ཡིས་གྱོན་གོས་སྦངས་ཀྱང་སྔར་བཞིན་སྤྲོ་སེམས་ཆེ་བ། བྱང་ཆ་ལྡན་པའི་བཀོལ་སྤྱོད་བཅས་ཀྱི་ཁྲོད་ལོ་ལེགས་བྱུང་བའི་རེ་བ་དང་སྤོབས་སེམས་ཀྱིས་ཁེངས་ཡོད།
ཟླ9པའི་ཚེས23ཉིན། ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་གྱི་མིས་ཐབས་ཀྱིས་རྩྭ་འདེབས་རྟེན་གཞིར་རྩྭ་སྡུད་བའི་དུས་ཚིགས་སུ་སླེབས་ཡོད། ས་གནས་དེ་གའི་རོང་འབྲོག་མང་ཚོགས་རྩྭ་རར་མཉམ་དུ་འཛོམས་ནས"དགའ་གླུ་ལེན་ཞོར་རྩོལ་ལས"ཀྱི་རྣམ་པ་བརྒྱུད་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་དང་ཕྱུགས་ཟོག་ལ"དགུན་སྒྲོལ་འབྲུ"གསོག་འཇོག་བྱས། "ད་ལོའི་ལོ་ལེགས་དུས་ཆེན་རིང་ང་ཚོས་ས་བབ་མཐོ་ཚད་སྨི4500ཙམ་ཡོད་པའི་འབྲོག་ཁུལ་དུ་རོང་ཁུལ་གྱི་ལོ་ལེགས་བྱུང་བའི་དགའ་སྤྲོ་མྱོང་ཚོར་བྱུང་ཐུབ་སོང "ཞེས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་མཚོ་སྦྲེལ་ལྷོ་མ་གྲོང་རྡལ་ཇའུ་གྲོང་ཚོའི་མང་ཚོགས་བསྟན་འཛིན་ཆོས་རྒྱལ་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད། ཁོང་གིས་ད་ལོ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག གྲོང་ཚོའི་སྔོ་ཚལ་ཕྱི་ཉོས་ལ་བརྟེན་དགོས་པའི་ལོ་རྒྱུས་ལ་རྦད་དེ་ཁ་བྲལ་ནས་ཞོག་ཁོག་ཁུག་མ120དང་། ཤིང་རྩ་བ་ཁུག་མ95བྱུང་ཡོད་པ་མ་ཟད། མུའུ་སྟོང་གི་མིས་ཐབས་ཀྱིས་རྩ་འདེབས་པའི་རྣམ་གྲངས་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་ཀར་འབྲས་བུ་ཐོགས་པའི་ལོ་རྒན་དྲུག་ཅུའི་རིང་གནའ་བོའི་ས་གཞི་ཆེན་མོ་འདིའི་ཐོག་ལོ་ལེགས་ཀྱི་དགའ་སྤྲོ་དེ་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་གྱུར་ནས། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་ལེའུ་མུ་མཐུད་འབྲི་བཞིན་ཡོད། །
འཕྲིན་སྟེགས། weikangba