2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་རབ་དང་རིམ་པའི་མཐོང་ཐོས།

2025-09-25
351

པར་འདི་ནི2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའི་རྣམ་པ་རེད།

པར་འདི་ནི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་སྤེལ་བའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཐོག་འཇུ་བྲོ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

པར་འདི་ནི་བཤམ་སྟོན་ཡུལ་དངོས་སུ་དྲ་དཔོན་གྱིས་ཐད་གཏོང་ཟོག་འཁྲིད་བྱེད་པའི་རྣམ་པ་རེད།

པར་འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་འགྲེམ་སྟོན་ནང་ཞུགས་པའི་ཚོང་པས་ཡུལ་དངོས་སུ་མང་ཚོགས་ལ་སྒྲ་སྙན་དཀྲོལ་བའི་རྣམ་པ་རེད།

པར་འདི་ནི་གྲོང་མིས་གྲ་ནང་རྫོང་གི་ཁྱད་ཐོན་རྒྱན་གོས་བོད་ཞྭ་གོན་ནས་ཚོད་ལྟ་བྱེད་པའི་རྣམ་པ་རེད།

པར་འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲང་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་ཚོང་པས་སྲན་མའི་ཕྱེ་ཐུག་བཙོང་བའི་རྣམ་པ་རེད།

པར་འདི་ནི་ཕ་ཁི་སི་ཐན་གྱི་ཚོང་བས་མགྲོན་པོར་ལག་ཤེས་བཟོ་རྩལ་ཐོན་རྫས་ཡོ་བྱད་ངོ་སྤྲོད་བྱེད་པའི་རྣམ་པ་རེད།

པར་འདི་ནི་ཨ་ཧྥུ་ཧན་གྱི་ཚོང་པས་ལག་ཤེས་འཁལ་འཐག་ཐོན་རྫས་འགྲེམ་སྟོན་བྱེད་པའི་རྣམ་པ་རེད།

པར་འདི་ནི“ཡར་ཀླུང་ཞིམ་ཟས”བྱ་འགུལ་ཁྲོད་བཤམ་པའི་ཁྱད་ལྡན་མངར་ཟས་ཁ་ཏོག་རེད།

པར་འདི་ནི2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་གཅིག་སྡུད་གན་འཇོག་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་མགོ་རྩོམ་མཛད་སྒོའི་སྟེང་ཨན་ཧུའེ་ཞིང་ཆེན་གྱི་ཧོང་མེ་ཟློས་གར་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗིད་ཆགས་འགྱིང་ངེར་ལངས་པའི་ཧི་མ་ལ་ཡར་བཞིན་རས་གསར་བ་མངོན་པ་དང་། ལྷུང་ལྷུང་དུ་འབབ་པའི་ཡར་ཀླུང་གཙང་པོར་སྙན་འཇེབས་ཀྱི་སྙན་ཚིག་ཕུལ་ཡོད། 

ཟླ9པའི་ཚེས20ཉིན་གྱི་དགོང་མོར། “གངས་ལྗོངས་དཔྱིད་དཔལ་བཞད་པའི་ལོ་ངོ་དྲུག་ཅུ་ལ། བོད་འབྱུང་དང་ནི་འབྲི་ཆུ་ཧོའེ་ཆུའི་རྒྱ་རྒྱུད་རྣམས། དགའ་དགའ་སྤྲོ་སྤྲོའི་གླུ་དབྱངས་མཉམ་དུ་ལེན་པ་མཚར”ཞེས་པ་བརྗོད་གཞི་ཡིན་པའི2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་དུ་འཚོགས་པ་ཡིན་ལ། དུས་ཡུན་ཉིན7རིང་སྤེལ་བའི་བྱ་འགུལ་རབ་དང་རིམ་པ་དངོས་སུ་སྤེལ་མགོ་བརྩམས་བྱུང་།

ཐེངས་འདིའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་། ཨན་ཧུའེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་གསར་གཏོད་རང་བཞིན་དང་མཉམ་འདྲེས་རང་བཞིན། སྒོ་དབྱེ་རང་བཞིན། མང་ཚོགས་རང་བཞིན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལྟད་མོ་བར་ངོ་མཚར་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་གསོལ་སྟོན་གཟབ་རྒྱས་ཞིག་འཁྲབ་སྟོན་བྱས་ཡོད། རྗེས་མཐུད་ཀྱི་བྱ་འགུལ་ནང་མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང“ཡར་ཀླུང་ཞིམ་ཟས”བྱ་འགུལ། ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ། “བདེ་སྐྱིད་ཀྱི་ལྷོ་ཁ་གསར་བར་བསྟོད་གླུ་ཕུལ་བ་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་བར་འབད་འབུངས་བསྐྱོད”ཅེས་པའི་རིག་རྩལ་འགྲེམ་འཁྲབ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་མཇུག་སྒྲིལ་རྗེས་ཨན་ཧུའེ་ཞིང་ཆེན་གྱི་ཡན་ལག་ཚོགས་རའི་བྱ་འགུལ་ཟླ10པའི་ཟླ་མཇུག་ཏུ་སྤེལ་རྒྱུ་ཡིན་ལ། སྐབས་དེར་ས་གནས་གཉིས་ཀྱི་མི་དམངས་ལ་རིག་གནས་སྤེལ་རེས་དང་མཉམ་འགུལ་སྔར་ལས་མང་པོ་བསྐྱལ་ཐུབ་ངེས་རེད།

མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བསྡོམས་པས་ལེའུ་གསུམ་དུ་བགོས་ནས་ཨན་ཧུའེ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་ལེ་ཚན་གསར་གཏོད་མཉམ་འདྲེས་བྱས་ཏེ། ལྷོ་ཁའི་ལོ་ངོ60རིང་གི་འཕེལ་རྒྱས་འགྱུར་ལྡོག་གསལ་བོར་བསྟན་ཡོད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས“ལྷོ་ཁའི་འདུ་འཛོམས། བདེ་སྐྱིད་ཀྱི་འཚོ་བ”ཞེས་པ་བརྗོད་གཞི་ཡིན་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་དང་ཨེ་ཤ་ཡ་ལྷོ་མའི་ནང་འདྲེན་ཚོང་རྫས་བཤམས་སྟོན་ཚོགས་འདུ་ལྷོ་ཁའི་མེ་འཁོར་འབབ་ཚུགས་མདུན་གྱི་ཐང་ཆེན་དུ་འཚོགས་པ་རེད། ཡུལ་དངོས་སུ་བསྡོམས་པས་བཤམ་གནས401བཀོད་སྒྲིག་བྱས་ཡོད་པ་དང་དེའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང12(ཆུས་དང་གྲོང་ཁྱེར)ཞིང་ལས་ཁྱད་ལྡན་ཐོན་རྫས་ཡོད་པ་མ་ཟད། ད་དུངལྗོངས་ཕྱི་ནང་དང་ནེ་པ་ལ། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚོང་བ་མང་པོས་ཁྱད་ལྡན་ཐོན་རྫས་བསྐྱལ་ཡོང་། ཡར་ཀླུང་ས་གཞི་ཆེན་མོ་འདི་ཉིད་གངས་ལྗོངས་མཐོ་སྒང་དང་ཨེ་ཤ་ཡ་ལྷོ་མའི་ཡུལ་སྲོལ་གོམས་གཤིས་སྦྲེལ་བའི“ཚོང་འདུས”སུ་གྱུར་ཡོད། 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། འཛད་སྤྱོད་པའི་ཉོ་སྒྲུབ་མ་གནས་ཇེ་དམའ་རུ་བཏང་ནས་བཤམ་སྟོན་ཚོགས་འདུའི་ཡིད་དབང་འགུག་སྔར་ལས་ཇེ་མཐོར་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཆེད་སྤྱོད་མ་དངུལ་སྒོར་ཁྲི60ལྷག་བཀོད་སྒྲིག་བྱས་ཏེ། “རྩ་ཆག་ཚད་གཞིར་ལོན་ན་འཕྲལ་མར་སྤྱོད་པའི”རྣམ་པ་སྤྱད་ནས་སྒོར1000ལོན་ན་འཕྲལ་མར་སྒོར200འཕྲི་བ་དང་། སྒོར800ལོན་ན་འཕྲལ་མར་སྒོར200འཕྲི་བ། སྒོར600ལོན་ན་འཕྲལ་མར་སྒོར120འཕྲི་བ། སྒོར400ལོན་ན་འཕྲལ་མར་སྒོར80འཕྲི་བ། སྒོར200ལོན་ན་འཕྲལ་མར་སྒོར40འཕྲི་བ་བཅས་ཀྱི་ཚད་གཞི་ལྟར། མི་རེར་འཛད་སྤྱོད་ཁ་གསབ་ཐེངས་རེ་སྤྲད་ནས“འཛད་སྤྱོད་ལ་བརྟེན་ནས་འབབ་འཕུར་ལ་སྐུལ་འདེད་དང་། འཛད་སྤྱོད་ཀྱིས་དམངས་འཚོར་ཕན་པའི”དམིགས་འབེན་མངོན་འགྱུར་བྱུང་བར་རོགས་འདེགས་བྱས་ཡོད།

དེ་ལས་གཞན་ཡང་། 2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། བསྡོམས་པས་རྣམ་གྲངས39གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར56.05ཟིན་ཡོད། དེ་དང་ཆབས་ཅིག ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཚོགས་ཞུགས་གཞི་ཁྱོན་དང་ཕྱི་རྒྱལ་གྱི་ཚོང་བ་ཞུགས་པ། ཐོན་ལས་གཅིག་བསྡུས། ཐོན་སྐྱེད་སློབ་སྦྱོང་། ཞིབ་འཇུག མཉམ་ལས་བཅས་ཕྱོགས་བཞིའི་ཐད་ཚད་བརྒལ་བྱུང་ཡོད། འགྲེམ་ཚོགས་ནང་ཞུགས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ལས་བརྒལ་ཡོད་ལ། བསྡོམས་པས་ཁེ་ལས243ཚོགས་འདུའི་ནང་ཞུགས་པ་དང་དེའི་ནང་ལྗོངས་ཕྱིའི་ཁེ་ལས216ཡོད་པ་དང་དེའི86.75%ཟིན་པ། ན་ནིང་དང་བསྡུར་ན་ཁེ་ལས50ལས་བརྒལ་བ་ཇེ་མང་དུ་ཕྱིན་ཡོད། ཕྱི་རྒྱལ་གྱི་ཚོང་བ་ཞུགས་མཁན་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཏེ་སིང་ཀ་ཕོར་གྱི་ཚོང་དོན་འཐུས་མི་ཚོགས་འདུར་ཞུགས་པ་མ་ཟད་ཚོགས་འདུ་གྲོལ་རྗེས་བོད་ལྗོངས་སུ་རྟོག་ཞིབ་ཏུ་ཡོང་རྩིས་ཡོད། དེ་གས་ཡར་ཀླུང་རིག་གནས་ཚོང་རྟགས་རྒྱལ་སྤྱི་ཅན་དང་ས་གནས་ཐོན་རྫས“ཕྱིར་སྐྱོད་པར”ཐབས་ལམ་གསར་བ་བསྐྲུན་ཡོད། 

“ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར602ལོན་པའི་ལོ་ཡིན་ལ། 2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བའི་དམིགས་ཡུལ་ནི་དུས་རབས་གསར་བར་གུས་པས་བསྟོད་འབུལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འགྱུར་ཁུགས་གཙོ་བོ་དཀྲོལ་བ་དང་། ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་ནས་འཆམ་མཐུན་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུ་དེ་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་བསམ་འགྲུབ་ཚེ་རིང་གིས་བསྟན། ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་ལངས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་བ་རྩོམ་པའི”མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ། དྲིན་ཚོར་ནས་འབད་འབུངས་མདུན་སྐྱོད་དང་དངོས་སྒྲུབ་ཐེག་ཁུར་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་བ་ཧུར་ཐག་གིས་གཏོད་ཡོད། །


  • 顶