ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་གཙོ་སྒྲུབ་བྱས་པའི2025ལོའི་གྲ་ནང་རྫོང་གི་ཚོང་འགུག་དངུལ་འདྲེན་དང་རིག་གནས་ཡུལ་སྐོར་ཐོན་ལས་འོས་སྦྱོར་ཚོགས་འདུ་ཚེས5ཉིན་ལྷ་སར་འཚོགས་ཤིང་། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཐོག་ཁེ་ལས་མི་ཉུང་བ་ཞུགས་ནས་མཉམ་ལས་ཀྱི་གོ་སྐབས་གསར་བ་འཚོལ་ཞིབ་བྱས་ཡོད།

པར་འདི་ནི་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
གྲ་ནང་རྫོང་ནི“ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན”དང་ལྷ་ས་དང་ལྷོ་ཁའི“ཆུ་ཚོད་གཅིག་གི་དཔལ་འབྱོར་ཚོམས”ཀྱི་ལྷུ་ཚིགས་གལ་ཆེན་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། གྲ་ནང་རྫོང་ཁོངས་ཀྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་ཐོན་ལས་དར་རྒྱས་ཆེ་བ། དཔལ་འབྱོར་འཕར་གནས་སྣ་མང་ཡིན་པ། དེ་དང་ཆབས་ཅིག གྲ་ནང་རྫོང་གི་ལོ་རྒྱུས་རིག་གནས་ཡུན་རིང་བ་དང་ཐུན་མོང་མ་ཡིན་པའི་མི་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན།

པར་འདི་ནི་ཐེངས་འདིའི་བྱ་འགུལ་ཐོག་བཤམ་སྟོན་བྱས་པའི་ཁྱད་ཐོན་དངོས་རྫས་རེད།
འོས་སྦྱོར་ཚོགས་འདུའི་ཐོག གྲ་ནང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བསོད་ནམས་སྐལ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། གྲ་ནང་རྫོང་གི་གནས་ཡུལ་ལེགས་ཆ་མངོན་གསལ་ཡིན་པ་དང་། ལྷ་ས་དང་བར་ཐག་སྤྱི་ལེ72དང་ལྷོ་ཁ་གྲོང་ཁྱེར་དང་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཆ་སྙོམས་སྤྱི་ལེ45ཡོད་པ། རྩེད་གོང་མྱུར་བགྲོད་གཞུང་ལམ་དང་ལྷ་ཉིང་ལྕགས་ལམ། S5མྱུར་བགྲོད་ལམ་བཅས་རྫོང་ཡོངས་སུ་བརྒྱུད་ཡོད་པས་འགྲིམ་འགྲུལ་ལམ་དྲ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད།
གྲ་ནང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་པ་དང་། གྲ་ནང་རྫོང་འདི་ཉིད“ཡར་ཀླུང་མཛེས་ལྗོངས་གསར་སྤེལ་ཁུལ”གྱི་ལྟེ་བའི་ས་མཚམས་སུ་གནས་ཡོད་པས། རིག་དངོས་གནའ་ཤུལ་མང་པོ་དང་མིས་བཟོས་མཛེས་ལྗོངས་ཁུལ་ཕུན་སུམ་ཚོགས་པ་ཡོད། མངའ་ཁོངས་སུ་བསམ་ཡས་དགོན་དང་སྨིན་གྲོལ་གླིང་དགོན། བྱེ་ཐང་སྤྱི་གླིང་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པས་ཡར་ཀླུང་རིག་གནས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གལ་ཆེན་དུ་གྱུར་ཡོད།

པར་འདི་ནི་གན་འཇོག་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།
བསོད་ནམས་སྐལ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2024ལོར་བཙུགས་པའི་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིས་མཐོ་སྒང་ལྷད་མེད་པད་ཁའི་སྣུམ་གསར་སྤེལ་བེད་སྤྱོད་བྱ་རྒྱུར་འབད་པ་བྱས་པ་དང་། ལག་རྩལ་གྱི་ནུས་པ་འདོན་པ་དང་ཐོན་ལས་མཉམ་འགུལ་བརྒྱུད་ནས་ཞིང་ལས་ཐོན་རྫས་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བ་དང་། ཉེ་འཁོར་གྱི་ཞིང་དུད1000ལྷག་གི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ། ལྷོ་ཁའི་ནུས་ཁུངས་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་འདི་ཉིད་བོད་ལྗོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་ཆས་ཐོན་ལས་རྟེན་གཞི་ཐོག་མ་དང་མིག་སྔར་གོ་ལ་ཧྲིལ་བོའི་ས་བབ་མཐོ་ཤོས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་ཆས་རྟེན་གཞི་ཡིན་པའི་ཆ་ནས། 2024ལོར་གྲ་ནང་རྫོང་དུ་ཐོན་རྫས་དངོས་སུ་ཁྲོམ་རར་འགྲེམ་པ་མངོན་འགྱུར་བྱུང་བ་དང་། རྣམ་གྲངས་སྐྲུན་ཚར་བ་ནས་བཟུང་། བསྡོམས་པས་བོད་ལྗོངས་ས་ཁུལ་དུ་སྒོར་དུང་ཕྱུར6ཡན་གྱི་མངག་ཐོའི་གྲོས་མཐུན་བཞག་ནས་གྲ་ནང་རྫོང་གི་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྗེས་མར། གྲ་ནང་རྫོང་གིས་གཙོ་བོ་དེང་རབས་ཞིང་ལས་དང་ནུས་ཁུངས་གཙང་མ། རིག་གནས་ཡུལ་སྐོར་བཅས་གཙོ་ཁྲིད་ཐོན་ལས་རྣམ་གྲངས་གསུམ་ལ་དམིགས་ཏེ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། སྤུས་ལེགས་ཁེ་ལས་འབོར་ཆེན་གྲ་ནང་རྫོང་དུ་ཡོང་བའི་ཡིད་དབང་འགུག་ནས་མཉམ་ལས་གཉིས་རྒྱལ་མངོན་འགྱུར་འབྱུང་དགོས། །