ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། 2025ལོའི་མཚོ་སྔོན་ཡུས་ཧྲུའུ་ཡི་ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་བྱིས་པར་རིན་མེད་སྒོས་ཞིབ་བཤེར་སྐྱོབ་བཅོས་བྱེད་པའི་བྱེད་སྒོ་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྤེལ་མགོ་ཚུགས།
བྱེད་སྒོའི་ཡུལ་དངོས་སུ། པེ་ཅིན་མཚོ་སྐྱོར་བཀོད་འདོམས་པུའུ་ཡིས་ཀྲུང་གོ་ནགས་ཐོན་བཟོ་ལས་མཐུན་ཚོགས་ཀྱི“བདེ་ཐང་མཐའ་མཚམས་སུ་བསྐྱོད”ཅེས་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་ཚན་ཆུང་གདན་དྲངས་ནས། ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་ལོ་ཆུང་གཞོན་ནུར་རིན་མེད་སྒོས་ཞིབ་བཤེར་བྱས། མིག་སྔར། ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་ཁྱབ་པའི་ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པར་དོགས་གཞི་ཡོད་པའི་བྱིས་པར་ཞིབ་ཚགས་སྒོས་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། ཆེད་མཁས་པས་བརྟག་དཔྱད་བྱས་པ་བརྒྱུད། གཤགས་བཅོས་བྱེད་དགོས་པའི་བྱིས་པར་པེ་ཅིན་མཚོ་སྐྱོར་བཀོད་འདོམས་པུའུ་ཡིས་འཕྲོད་བསྟེན་དང་སློབ་གསོ། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་དང་མཉམ་དུ། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་གེགས་མེད་བགྲོད་ལམ་ཤར་གཏོང་བྱས་ནས། ནད་པས་པེ་ཅིན་དུ་རིན་མེད་སྒོས་གཤགས་བཅོས་དང་སྨན་བཅོས་བྱེད་པར་རྩ་འཛུགས་བྱས། དེ་དང་ཆབས་ཅིག དགེ་སྒྲུབ་ཐེབས་རྩ་ཚོགས་པ་དང་སྨན་ཁང་། རྒྱལ་སའི་གཅེས་སེམས་འབུལ་མཁན་གྱི་ཁེ་ལས་སོགས་དང་མཐུན་སྦྱོར་གང་ལེགས་བྱས་ཏེ། ནད་པའི་སྨན་བཅོས་འགྲོ་གྲོན་དང་། ནད་ཡོད་པའི་བྱིས་པ་དང་ཁྱིམ་བདག་གི་པེ་ཅིན་ནས་ཡུས་ཧྲུའུ་བར་གྱི་འགྲིམ་འགྲུལ་འགྲོ་གྲོན་དང་། པེ་ཅིན་དུ་སྨན་བཅོས་བྱེད་པའི་སྐབས་ཀྱི་ཟ་མ་དང་སྡོད་ཁང་གི་འགྲོ་གྲོན་བཅས་གཅིག་གྱུར་སྒོས་ཐག་གཅོད་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་སྨན་བཅོས་འགྲོ་གྲོན་གཅིག་ཀྱང་མེད་པའི་དམིགས་འབེན་དངོས་སུ་མངོན་འགྱུར་བྱ་རྒྱུ་རེད།
ཤེས་གསལ་ལྟར་ན། བྱེད་སྒོ་དེ2020ལོར་མགོ་ཚུགས་པ་ནས་བཟུང་ཁུལ་ཡོངས་ལ་ཐེངས4བརྟག་དཔྱད་བྱས་པ་དང་། དེའི་ནང་ཞུགས་པའི་མི་གྲངས3400ལྷག་ཙམ་ཟིན། སྔ་རྗེས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་ཡུས་ཧྲུའུ་ཡི་བྱིས་པ166གིས་པེ་ཅིན་དུ་རིན་མེད་སྒོས་གཤགས་བཅོས་དང་སྨན་བཅོས་བྱེད་པར་སྒྲིག་འཛུགས་བྱས་ནས། ཁྱིམ་ཚང་གི་འགྲོ་གྲོན་སྒོར་ཁྲི800ལྷག་ཙམ་གྲོན་ཆུང་བྱས། ལོ་དྲུག་ལྷག་ཙམ་རིང་བྱེད་སྒོ་དེར་པེ་ཅིན་དང་ཡུས་ཧྲུའུ་ས་གནས་གཉིས་ཀྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་ཐོབ་ནས། ཡུས་ཧྲུའུ་ཡི་འཕྲོད་བསྟེན་བདེ་ཐང་བྱ་གཞག་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། པེ་ཅིན་དང་ཡུས་ཧྲུའུ་གཉིས་ཀྱི་བརྩེ་སེམས་དང་ལག་གདང་གཅིག་ཏུ་སྦྲེལ་བའི་དཔེ་མཚོན་རོགས་སྐྱོབ་ཏུ་གྱུར་ཡོད། །
འཕྲིན་སྟེགས། weikangba