ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ།

2025-01-08
316

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྱི་དུས་ཚོད་ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་།  བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་སྟེ། མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་སྟོང་ཕྲག་ལ་གནོད་སྐྱོད་ཐེབས།

ས་ཡོམ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣར་སྐྱོབ་བཅོས་བྱེད་པ། མི་སྣ་ཤི་རྨས་ཚད་གཞི་ཇེ་ཉུང་དུ་གཏོང་བ། གནོད་འཚེ་སླར་འབྱུང་སྔོན་འགོག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། དོན་འཇུག་ལེགས་བསྡུས་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་པ་དང་། འཕྲལ་སྐྱོབ་རོགས་སྐྱོར་དངོས་ཟོག་དུས་ཐོག་ཏུ་གཏོང་འགྲེམ། གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཞིག་གསོ་བཅས་ལ་དམ་འཛིན་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ་བདེ་འཇགས་དང་དྲོ་སྐྱིད་ངང་དགུན་བསྐྱལ་བར་ཁག་ཐེག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་བསྟན་དོན། གནོད་འཚེ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པར་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་རོགས་སྐྱོབ་རྩ་འཛུགས་བྱེད་དགོས་པ་མ་ཟད། ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་གནོད་འཚེ་ཕལ་བའི་རིགས་སྣ་ཚོགས་སྔོན་འགོག་བྱས་ཏེ། མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་ནི་མཐོ་སྒང་གི་གྲང་མཐོའི་ས་ཁུལ་དུ་གནས་པ་དང་དགུན་དུས་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དྲོ་སྐྱིད་ལྡན་པའི་དགུན་དུས་རོལ་བར་འགན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཡུལ་དངོས་སུ་སོང་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ས་ཡོམ་རིམ་པ་གསུམ་པའི་འཕྲལ་བསྟུན་དང་ལེན་བྱེད་མགོ་བརྩམས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་འཕྲལ་སྐྱོབ་གེགས་སེལ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་བཞིན་ཡོད་ལ། ཡོམ་འགོག་གེགས་སེལ་གྱི་ལས་དོན་སོ་སོ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན། །

ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ།


  • 顶