ཡུན་ནན་ཞིང་ཆེན་གྱིས2025ལོའི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

2025-01-03
708

2024ལོའི་ཟླ12པའི་ཚེས31ཉིན། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱིས་ཁུན་མིང་དུ་ལོ་གསར་གྱི་ཇ་སྟོན་འཚོགས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ཟླ12པའི་ཚེས31ཉིན། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱིས་ཁུན་མིང་དུ་ལོ་གསར་གྱི་ཇ་སྟོན་འཚོགས་པ་རེད། ཡུན་ནན་ཞིང་ཆེན་ཏང་སྲིད་དམག་གི་མགོ་ཁྲིད་དང་མགོ་ཁྲིད་རྒན་རྒོན། བློ་མཐུན་རྒན་པ། ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་གྲུབ་འབྲས་ལ་རྩིས་བཤེར་དང་མ་འོངས་པར་རྒྱང་ལྟ་བྱས་ཏེ་ཐུན་མོང་ཐོག2025ལོའི་ལོ་གསར་བསུས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝང་ཡུས་པོ་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་ལིའུ་ཞའོ་ཁའེ་ཡིས་མགོ་འཛིན་གནང་།

ཇ་སྟོན་གྱི་ཡུལ་དངོས་ལ་དྲོད་སྐྱིད་དང་འཆམ་མཐུན་གྱིས་ཁྱབ་ཡོད། ཝང་ཉིང་གིས་ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་གི་མི་སྣ། ཡུན་ནན་དུ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ། མེ་གསོད་རོགས་སྐྱོབ་མི་སྣ། ཡུན་ནན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤུན་ཟླ། ཞང་ཀང་ཨའོ་མོན་ཐའེ་ཝན་དང་ཕྱིར་སྡོད་རང་མི། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་མཛེས་སྡུག་གི་སྨོན་འདུན་ཞུས།

ཝང་ཉིང་གིས་བསྟན་དོན། 2024ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་འཆར་འགོད་ལག་བསྟར་དང་། “དཔལ་འབྱོར་ཆེན་པོ་གསུམ་”འཕེལ་རྒྱས་ཤུགས་ཆེན་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་མཛེས་སྡུག་ལྡན་པའི་ཡུན་ནན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལས་ཞུགས་དང་ཡོང་འབབ་སྤར་བ། སློབ་གསོ། སྨན་བཅོས། “རྒན་པ་གཅིག་དང་བྱིས་པ་གཅིག”སོགས་དམངས་འཚོ་དོན་དག་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། “3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་གྱི“ལོ་གསུམ་རིང་སྐས་རིམ་དུ་སླེབས་པའི”འགག་རྩའི་གོམ་སྟབས་ལེགས་པོར་སྤོས་ཏེ། “ངེས་གནས་གསུམ”འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ། གྲུབ་འབྲས་དེ་དག་ཐོབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་མགོ་ཁྲིད་བྱས་པའི་འབྲས་བུ་དང་། ཞིང་ཆེན་ཡོངས་གོང་འོག་གཅིག་སྒྲིལ་དང་ཧུར་བརྩོན་ཡར་རྒྱས་བྱས་པའི་འབྲས་བུ་ཡིན་ཞིང་། མགོ་ཁྲིད་རྒན་གྲས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་། དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་ཕྱོགས་སོ་སོའི་མི་སྣའི་བློ་གྲོས་སྟོབས་ཤུགས་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་འཐབ་བཅས་གཅིག་སྒྲིལ་བྱས་པ་ལས་བྱུང་བ་ཞིག་ཡིན།

ཝང་ཉིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་གིས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། བསམ་འཆར་དང་ཐབས་ཇུས་འདོན་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བས། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཡུན་ནན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད“སྲིད་གྲོས་ཀྱི་བྱ་སྤྱོད”མངོན་ཡོད། སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་རེ་བ་ཡོད།

ཝང་ཉིང་གིས་གསུང་རྒྱུར། ལོ་གསར་པར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། མདུན་སྐྱོད་ལ་ཡང་བསྐྱར་ལེ་ཚན་གསར་པ་འབྲི་རྒྱུའི་བློ་ཐག་བཅད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཡུན་ནན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ལིའུ་ཞའོ་ཁའེ་ཡིས་གཙོ་སྐྱོང་བྱེད་སྐབས་གསུང་རྒྱུར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གིས་ལྟེ་གནས་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། གྲོས་གཞི་བཏོན་ནས་སྲིད་དོན་ལ་བློ་འདྲི་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་དང་། འགན་ནུས་ནན་ཏན་གྱིས་ལག་བསྟར་དང་། འགན་འཁུར་ཧུར་ཐག་གིས་བསྒྲུབས་ཏེ་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་གང་ཐུབ་བྱ་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་འཕེལ་རྒྱས་ཡུན་ནན་ཞིང་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལི་མ་ལིན་གྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ནས་གཏམ་བཤད་གནང་།

སྲིད་གྲོས་ཨུ་ཡོན་དང་རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཏེ། “ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད”ཞེས་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་དང་། དུས་རབས་གསར་པའི་ཡུན་ནན་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་མངོན་པ་མ་ཟད། མི་རིགས་ཁག་དང་ལས་རིགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཡུན་ནན་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཡིད་ཆེས་བརྟན་པོ་་མཚོན་པར་བྱས་ཡོད། འཁྲབ་སྟོན་དེ《ང་ཚོའི་དུས་རབས་གསར་པ》ཞེས་པའི་སྐད་གྲགས་ཆེ་བའི་གླུ་དབྱངས་ཁྲོད་མཐོ་རླབས་སུ་སླེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་ཡོད།

ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་པ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་དང་། ཡུན་ནན་དུ་སྡོད་པའི་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་པ། ཡུན་ནན་དུ་ལས་ཀ་བྱེད་མྱོང་བའི་ཞིང་ཆེན་རིམ་པའི་མགོ་ཁྲིད་པ། སྐབས་བརྗེ་རྗེས་ད་ལྟའི་ལས་གནས་ནས་ཕྱིར་འཐེན་བྱས་པའི་ཞིང་ཆེན་གྱི་མགོ་ཁྲིད་པ། ཁུན་མིན་དུ་བཅའ་སྡོད་བྱེད་པའི་བཅིངས་འགྲོལ་དམག་གི་དམག་དཔུང་རིམ་པའི་སྡེ་ཚན་ཁག་གཅིག་གི་མགོ་ཁྲིད་པ། ཁུན་མིན་དུ་སྡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་རྒོན་དང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི། ཁུན་མིན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་སོགས་ཇ་སྟོན་ཚོགས་འདུར་ཞུགས་པ་རེད། །


  • 顶