ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ཟླ12པའི་ཚེས31ཉིན། གསར་འགོད་པས2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ཟླ1པོའི་ཚེས14ཉིན་ནས་ཟླ2པའི་ཚེས22ཉིན་བར་གྱི་ཉིན40རིང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་བསྡོམས་པས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི865ཡིན་པ་དང་དུས་མཉམ་ལས1.8%འཕར། དེའི་ནང་གཞུང་ལམ་སྟེང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི600ཡིན་པ་དང་དུས་མཉམ་ལས1.4%འཕར་བ། ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་200ཡིན་པ་དང་དུས་མཉམ་ལས2.5%འཕར་བ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི65ཡིན་པ་དང་དུས་མཉམ་ལས5.4%འཕར།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ། ཞིང་ཆེན་ལྕགས་ལམ་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་མཐུན་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧོའུ་ཧུང་པའོ་ཡིས་ཕྱོགས་བསྡུས་ཞིབ་དཔྱད་ལྟར2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཆེན་སྔོན་ཆད་ལས་སྔ་སྣུར་ཡོད་པ་དང་མང་ཚོགས་འགྲོ་སྐྱོད་ཀྱི་འདོད་བློ་ཅུང་དྲག་པོ་ཡིན་པ་བཅས་སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་མི་སྣ་འགྲོ་སྐྱོད་གཞི་ཁྱོན་ན་ནིང་གི་ཆུ་ཚད་ལས་མཐོ་བ་དང་། དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་དུས་ཡུན་ཐུང་ངུའི་ནང་ཁུར་ཐེག་ཁེངས་པའམ་ཡང་ན་ཁུར་ཐེག་ཚད་ལས་བརྒལ་བའི་རྣམ་པར་འགྱུར་རྒྱུ་ཡིན་པས། བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུའི་འགན་ལེན་གྱི་གནོན་ཤུགས་ཆེན་པོ་ཡོད། རང་འཁོར་གྱིས་འགྲོ་སྐྱོད་བྱེད་པ་རྒྱུན་མཐུད་ངང་འཕར་བ་དང་། ནུས་རྒྱུའི་དངོས་རྫས་དང་དམངས་འཚོ་དངོས་རྫས་སོགས་སྐྱེལ་འདྲེན་གྱི་དགོས་མཁོ་ཆེ་རུ་ཕྱིན་པས། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གཅིག་གྱུར་གྱིས་འགན་སྲུང་བྱེད་པར་དཀའ་ངལ་ཅུང་ཆེན་པོ་ལྡན་པ་དང་། དྲོད་ཚད་དམའ་བའི་ཆར་གྲོག འཁྱགས་པ་སོགས་གནམ་གཤིས་ངན་པ་ལས་བྱུང་བའི་བདེ་འཇགས་ཉེན་ཁར་སྣང་ཆུང་བྱེད་མི་རུང་ཞིང་། དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་འགན་སྲུང་སོགས་ཀྱི་ལས་འགན་དཀའ་ཚེགས་ཧ་ཅང་ཆེ།
ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཁྱད་ཆོས་ལ་དམིགས་ནས། སྐྱེལ་འདྲེན་གཙོ་སྐྱོང་སྡེ་ཁག་དང་ཁེ་ལས་སོ་སོས་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་དང་འཕེལ་ཕྱོགས་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བྱས་ཏེ། སྐྱེལ་འདྲེན་ཇུས་གཞི་ལུགས་མཐུན་གཏན་འབེབས་བྱས་ཏེ། དཔྱིད་གསར་སྐྱེལ་འདྲེན་གྱི་གཉེན་ཉེ་ཐུག་འཕྲད་དང་ལས་བཟོ་བྱ་རྒྱུ། ཡུལ་སྐོར་བྱ་རྒྱུ། སློབ་མའི་རྒྱུན་སོགས་དུས་དང་བར་སྟོང་ཁྱབ་ཚུལ་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་ཡང་དག་བྱས་ཏེ། སྐྱེལ་འདྲེན་ནུས་ཤུགས་གཅིག་གྱུར་འཆར་འགོད་བཀོད་སྒྲིག་ལེགས་པོ་བྱས་ཤིང་། ལྟེ་གནས་གལ་ཆེན་ས་ཚིགས་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེལ་འདྲེན་བྱེད་ཤུགས་གཏོང་རྒྱུ་དང་རྩ་འཛུགས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲུལ་པ་འགྲོ་རྒྱུག་ཅུང་ཆེ་བའི་ས་ཁུལ་དང་ལམ་ཐིག་ལ་སྐྱེལ་འདྲེན་བྱེད་ཤུགས་སྔ་སྣུར་བཀོད་སྒྲིག་བྱས་ཏེ་རླངས་འཁོར་དང་། མེ་འཁོར། དུས་གཏན་གནམ་གྲུ་བཅས་ཀྱི་སྟུག་ཚད་ཇེ་མང་དུ་གཏོང་བ་དང་དུས་མཚུངས་སུ། འགྲུལ་པ་མེ་འཁོར་གྱི་ཁྱབ་རྒྱ་དང་སྤྱི་ཕན་རང་བཞིན་སོགས་འགན་ལེན་བྱ་ཆེད། སྤྱིར་བཏང་མྱུར་ཚད་མེ་འཁོར་འགྲོ་སྐྱོད་བྱེད་པའི་གཞི་ཁྱོན་རྒྱུན་འཁྱོངས་བྱ་རྒྱུ་རེད། །
འཕྲིན་སྟེགས། weikangba