2024ལོའི“རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ།

2024-08-14
394

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་2024ལོའི“རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”རིག་རྩལ་བྱེད་སྒོ་རབ་དང་རིམ་པ་མཚོ་སྔོན་ཟློས་གར་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།

རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ནི་མཚོ་སྔོན་གྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ལ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ད་རེས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་དང་། ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། ས་མཐོའི་རིག་གནས་བཅས་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ“རབ་མཛེས་མཚོ་སྔོན། རི་ཆུའི་འགོ་ཁུངས”རིག་གནས་མཚོན་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་བཏང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པོ་སྐོང་རྒྱུ་རེད།

བྱེད་སྒོ་དེ་མཉམ་སྒྲོག་རོལ་དབྱངས་གཟའ་འཁོར་དང་།“དབྱངས་སྙན་ས་མཐོར་གྲགས་པའི”རྒྱལ་ཡོངས(མཚོ་སྔོན)དམངས་གཞས་འགྲེམས་སྟོན། ཕྱོགས་བསྡུས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་རིག་རྩལ་ལག་ལེན་བྱེད་སྒོ་བཅས་ཁག་གསུམ་ལ་དབྱེ་ཡོད་པ་རེད། ཟླ8པའི་ཚེས12ཉིན“རོལ་དབྱངས་དར་རྒྱས་ཆེ་བའི་དུས་རྟགས”ཞེས་པའི་ཆེད་དམིགས་རོལ་དབྱངས་དཀྲོལ་བ་མགོ་རྩོམ་སར་བྱས་ནས་མཉམ་སྒྲོག་རོལ་དབྱངས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཀྲུང་གོའི་གླུ་གར་ཞབས་བྲོའི་ཟློས་གར་ཁང་དང་། ཧྲང་ཧའེ་མི་རིགས་རོལ་དབྱངས་ཚོགས་པ། མཚོ་སྔོན་ཞིང་ཆེན་རོལ་དབྱངས་ཚོགས་པ་བཅས་ཆེད་དུ་གདན་དྲངས་ནས་མཚོ་སྔོན་དུ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་ཐེངས6ལ་བསྡུས་ཤིང་། མཚོ་སྔོན་གྱི་ངལ་རྩོལ་དཔེ་བཟང་དང་། བཟོ་བ། ཕུལ་བྱུང་འཐབ་ཕྱོགས་དང་པོའི་ལས་བཟོ་པའི་འཐུས་མི་བཅས་ཟློས་གར་ཁང་དུ་གདན་དྲངས་ནས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་རེད།

ཟླ8པའི་ཚེས17ཉིན་ནས་ཟླ8པའི་ཚེས20ཉིན་བར་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སུ“དབྱངས་སྙན་ས་མཐོར་གྲགས་པའི”རྒྱལ་ཡོངས(མཚོ་སྔོན)དམངས་གཞས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། སྐབས་དེ་དུས་རྒྱལ་ཡོངས་ཞིང་ཆེན་ཁག་གི་རོལ་དབྱངས་མཁས་ཅན་མཐུན་ཚོགས་གདན་འདྲེན་ཞུས་ནས་གདོད་མའི་སྣོད་བཅུད་དང་མི་རིགས་གཞས་གཏོང་སྟངས་ཀྱི་གཞས་པས་མཚོ་སྔོན་རུ་འཁྲབ་སྟོན་བྱས་ཏེ་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་ཤོད་ནས་མི་རིགས་ཁག་གི་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་ཀྱི་དེང་རབས་རིན་ཐང་སྔོག་འདོན་དར་སྤེལ་བཏང་སྟེ་དམངས་གཞས་རིག་གནས་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག་ཚད་གཞི་མཐོ་བ་དང་། ཆེད་ལས་ཅན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་ལས་སྟེགས་རྒྱུན་རྣམ་ཅན་གྱི་ཐོག་ནས་རིག་རྩལ་གྱིས་མཚོ་སྔོན་རོགས་སྐྱོར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་རོགས་སྐྱོར་ཚན་པ་ཁག་དང་མཐུན་སྦྱོར་བྱས་ཏེ་བརྗོད་དོན་གཙོ་བོའི་རང་བཞིན་གྱི་འགྲེམས་སྟོན་དང་། ཆེད་དོན་ཉམས་འགྱུར་གསར་རྩོམ། སྒྲོག་འགྲེལ་གསོ་སྦྱོང་། དང་བླངས་ཞབས་ཞུ། ཕྱོགས་བསྡུས་རིགས་ཀྱི་བྱེད་སྒོ་སོགས་བརྗོད་དོན་གཙོ་བོའི་རིག་རྩལ་ལག་ལེན་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད། 2024ལོར་ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་གསར་རྩོམ་ཉམས་འགྱུར་བསྡུ་རུབ་དང་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཧྲང་ཧའེ་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་རོལ་དབྱངས་མཐུན་ཚོགས་དང་། ཞབས་བྲོའི་མཐུན་ཚོགས། ཟློས་གར་མཐུན་ཚོགས། སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་དང་གསར་རྩོམ་རྐང་འཛིན་སྒྲིག་འཛུགས་བྱས་ནས་ཟི་ལིང་དང་། མཚོ་ཤར། མཚོ་ལྷོ། མགོ་ལོག་བཅས་སུ་གསར་རྩོམ་ཉམས་འགྱུར་བསྡུ་རུབ་དང་རིག་རྩལ་སྤེལ་རེས་བྱས་པ་དང་། རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཕྱིར། དུས་རབས་གསར་པའི་རིག་རྩལ་དང་བླངས་པས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་རིག་རྩལ་བྱ་གཞག་གོང་འཕེལ་གཏང་རྒྱུར་རོགས་རམ་གང་ལེགས་བྱེད་རྒྱུ་རེད།།


  • 顶