ཞི་ཅིན་ཕིང་གིས་ཁོང་ཚོར་སྤྲིངས་པའི་འཕྲིན་ལན་ལ་ལན་ཆ་བཟང་པོ་བྱུང་བ།

2025-07-14
343

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་མཁས་ཅན་༨ལ་འཕྲིན་ལན་སྤྲིངས་ནས་གློག་བརྙན་ལས་དོན་པར་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། རྒྱ་ཆེའི་གློག་བརྙན་བརྙན་འཕྲིན་རིག་རྩལ་ལས་དོན་པས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་མི་རྣམས་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་གནང་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ཐོག ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་འཚོ་བའི་ཞིང་ས་གཤིན་པོར་གཞི་རྐང་འཛུགས་པ། མི་དམངས་ཀྱི་སེམས་གཏམ་མཚོན་པ་བཅས་བྱས་ནས། དོན་སྙིང་གིས་ཕྱུག་པ་དང་། ཀུན་སྤྱོད་དང་ལྡན་པ། དྲོད་ཁོལ་དང་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་གྱིས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་སྒྱུ་རྩལ་མཁས་ཅན་༨ལ། དུས་ཡུན་རིང་པོའི་ནང་། ཁྱེད་ཚོས་ཏང་དང་མི་དམངས་ལ་དགའ་ཞེན་བཅངས་ཤིང་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་གནང་ནས། གསོན་ཉམས་དོད་པའི་གློག་བརྙན་ནང་གི་མི་སྣའི་གཟུགས་བརྙན་རེ་རེ་བསྐྲུན་ཏེ་མི་རབས་ཁ་ཤས་ཀྱི་ལྟད་མོ་བར་མཛེས་སྡུག་ལྡན་པའི་ཕྱིར་དྲན་བཞག་ཡོད་ཅེས་གསུངས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་སྒྱུ་རྩལ་པ་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ངར་ཤུགས་ལྡབ་འཕེལ་བྱུང་ཡོད།


     གློག་བརྙན་སྒྱུ་རྩལ་མཁས་ཅན་ཀྲང་ལེའང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་པ་དེ་དོན་དངོས་ཐོག་ང་ཚོའི་བསམ་བློའི་ལས་དོན་སྙན་སེང་ཞུ་འདོད་པས་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་མགྱོགས་པོ་དེ་འདྲ་སྤྲིངས་གནང་བས་དངོས་གནས་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་ལ་བསྒྲུབ་དགོས་པའི་ཕྱག་ལས་མང་པོ་ཞིག་ཡོད་མོད། ད་དུང་ང་ཚོ་མི་འགའ་ཞིག་ལ་ཐུགས་ཁུར་གནང་གི་ཡོད་པས། ངའི་བསམ་པར་ང་ཚོ་མི་རབས་འདི་དང་ན་གཞོན་མི་རབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་དེ་དག་ལ་བརྩི་སྲུང་ཞུས་ཐོག ང་ཚོའི་ལས་ཀ་ཡག་པོ་བསྒྲུབས་ནས་རིག་རྩལ་བྱ་གཞག་ལ་མཐོ་རླབས་གསར་པ་འཕྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།


     གློག་བརྙན་སྒྱུ་རྩལ་མཁས་ཅན་ཐའོ་ཡུས་ལིང་གིས། གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ང་ཚོ་གློག་བརྙན་ལས་དོན་པ་༨ལ་འཕྲིན་ལན་སྤྲིངས་པ་དེས་ང་རང་ལ་དངོས་གནས་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་ཚོས་གླེང་རིན་མེད་པའི་བྱ་བ་ཆུང་ཙག་མ་གཏོགས་བསྒྲུབས་མེད་ཀྱང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཁས་ལེན་ཆེན་པོ་འདི་འདྲ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་རོགས། ངས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཚེ་སྲོག་གི་རྒྱུན་མ་ཆད་བར་ལས་ཀ་མཚམས་འཇོག་མི་བྱེད་པར། བསམ་པའི་རྒྱགས་ཕྱེ་ཡག་ཤོས་མི་དམངས་ལ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།


     གློག་བརྙན་སྒྱུ་རྩལ་མཁས་ཅན་ཞའོ་ཀུའེ་ཡུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བ་ནི་རྒྱལ་ཡོངས་ཀྱི་གློག་བརྙན་རིག་རྩལ་ལས་དོན་པར་མངགས་བཅོལ་གནང་བ་དང་རེ་བ་བཅོལ་བ་ཞིག་ཡིན་ལ། ང་ཚོ་རིག་རྩལ་ལས་དོན་པས་བརྩི་སྲུང་བྱེད་དགོས་པའི་ཁ་ཕྱོགས་ཤིག་ཀྱང་ཡིན། ང་ཚོས་ངེས་པར་དུ་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་ལ། ང་ཚོའི་ན་གཞོན་གློག་བརྙན་ལས་དོན་པས་ཀྱང་དེ་ལྟར་བསྒྲུབ་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ལྟར་བྱུང་ན་ད་གཟོད་ང་ཚོའི་བརྩམས་ཆོས་སྔར་བས་ཕུན་སུམ་ཚོགས་པར་འགྱུར་རྒྱུ་རེད་ཅེས་གསུངས་ཡོད།


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པའི་ཐོག སྒྱུ་རྩལ་མཁས་ཅན་༨པོས་མུ་མཐུད་ཀུན་སྤྱོད་ལ་བརྩི་མཐོང་དང་སྒྱུ་རྩལ་དར་སྤེལ་གཏོང་བའི་ཐད་མིག་དཔེ་བཟང་པོ་སྟོན་ཏེ། རྒྱ་ཆེའི་གློག་བརྙན་ལས་དོན་པས་རིག་གནས་ཀྱི་བློ་སྤོབས་བརྟན་པོ་འཛུགས་རྒྱུ་དང་། འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ཏེ་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་ལེན་ཞིང་མི་དམངས་ཀྱི་སེམས་གཏམ་མཚོན་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱ་རྒྱུར་སྐུལ་ཁྲིད་གནང་སྟེ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་སྟོན་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་དེས་དུས་རབས་གསར་པའི་གློག་བརྙན་གསར་རྩོམ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་རྩ་བའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་སྤྲོད་གནང་ཡོད་ཅེས་གསུངས་ཡོད།


     གློག་བརྙན་སྒྱུ་རྩལ་མཁས་ཅན་སུང་ཞའོ་དབྱིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་གློག་བརྙན་ལ་ཐུགས་ཁུར་འདི་འདྲ་གནང་གི་ཡོད། ཁོང་གིས་ང་ཚོས་འཚོ་བའི་ཞིང་ས་གཤིན་པོའི་ཁྲོད་ཟབ་ཞུགས་བྱེད་དགོས་ཞེས་གསུངས་པ་དེ་ནི་ང་ཚོས་འཚོ་བར་གཞི་རྐང་ཚུགས་པ་དང་འཚོ་བར་ཉམས་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་ཡིན། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་པ་སྣེ་ཁྲིད་དུ་བྱས་ནས་གློག་བརྙན་བྱ་གཞག་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་ངེས་ཡིན་ཞེས་གསུངས་ཡོད།


     འཁྲབ་ཁྲིད་པ། འཁྲབ་སྟོན་པ་ཝུའུ་ཅིང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོར་ངེས་ནས། གློག་བརྙན་སྒྱུ་རྩལ་མཁས་ཅན་རྒན་རབས་པ་ཚོའི་སྲོལ་རྒྱུན་བཟང་པོར་སློབ་སྦྱོང་བྱེད་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་དང་ཚ་ཚ་འུར་འུར་གྱི་དོན་དངོས་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱས་ཐོག མི་དམངས་དང་འཚོ་བར་རྩ་བ་ཚུགས་པའི་རིག་རྩལ་ལས་དོན་པ་བྱས་ཏེ། བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་གསར་རྩོམ་གྱིས་རླབས་ཆེན་གྱི་དུས་རབས་ལ་བསྟོད་བསྔགས་དང་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་དེ་བས་ལེགས་པར་འཁུར་རྒྱུ་ཡིན་ཞེས་གསུངས་ཡོད།


     འཁྲབ་སྟོན་པ་ཀྲང་དབྱི་ཡིས། རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཏུ་གནས་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་བའི་ཐོག་ནས་ཀྲུང་གོའི་རིག་གནས་ཀྱི་བློ་སྤོབས་དང་ཀྲུང་ཧྭའི་མཛེས་པ་མངོན་པར་བྱ་རྒྱུ་དང་། ང་ཚོ་ཀྲུང་གོའི་མི་དམངས་ཀྱི་མཛེས་པ་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


     གློག་བརྙན་སྒྱུ་རྩལ་མཁས་ཅན་ཁྲེན་ཏའོ་མིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྤྲིངས་གནང་བའི་འཕྲིན་ལན་ནང་། འཚོ་བའི་ཞིང་ས་གཤིན་པོར་རྩ་བ་ཚུགས་ཤིང་། དུས་རབས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་མི་དམངས་ཀྱི་སེམས་གཏམ་མཚོན་པའི་བསམ་པའི་བརྩམས་ཆོས་ལེགས་པོ་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱེད་དགོས་ཞེས་གསུངས་གནང་ཡོད། དེ་ནི་ང་ཚོའི་ལས་རིགས་དེར་རྩ་འཛིན་རང་བཞིན་གྱི་མཛུབ་ཁྲིད་གནང་བ་ཞིག་དང་། རྩ་བའི་རང་བཞིན་གྱི་བློ་སྒོ་འབྱེད་པ་ཞིག་རེད། ང་རང་ནས་ང་ཚོས་འབད་བརྩོན་ཆེན་པོས་ཕུལ་བྱུང་གི་བརྩམས་ཆོས་མང་ཙམ་གསར་རྩོམ་བྱས་ཏེ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།


     རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཞིག་དང་། རིག་རྩལ་ལས་དོན་པ་ནི་བླ་སྲོག་གཏོད་མཁན་ཞིག་ཡིན། རྒྱ་ཆེའི་གློག་བརྙན་བརྙན་འཕྲིན་རིག་རྩལ་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། དུས་རབས་ཀྱི་འཕར་རྩ་དམ་པོར་འཛིན་ནས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་གསར་རྩོམ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


     ཀྲུང་གོ་གློག་བརྙན་ཚོགས་པའི་ལས་འཛིན་དཔོན་ཧྥུའུ་རུའོ་ཆིང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་ད་ཐེངས་ཀྱི་འཕྲིན་ལན་དེ་ང་ཚོས་འབྱུང་འགྱུར་ཀྲུང་གོའི་གློག་བརྙན་སྔར་བས་ལེགས་སུ་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱ་དགོས། ལོ་ཤས་རིང་དང་ལྷག་པར་དུ་ད་ལོར་ཀྲུང་གོའི་གློག་བརྙན་གྱི་སྤ་སེའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཅངས་པའི་རེ་སྒུག་དང་རེ་བ་ཆུད་ཟོས་སུ་མི་གཏོང་བར། འཚོ་བ་དང་མི་དམངས་དང་ཐག་ཉེ་བའི་བརྩམས་ཆོས་དེ་བས་མང་བ་དང་དེ་བས་ལེགས་པ་གསར་རྩོམ་བྱས་ནས་ཀྲུང་གོའི་གློག་བརྙན་དེ་གློག་བརྙན་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་ཆེད་དུ་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད།


     ཁྲང་ཁྲུན་གློག་བརྙན་བཟོ་གྲྭ་ཚོགས་པའི་ལས་འཛིན་དཔོན་ཀྲོང་ཡན་གྱིས། དུས་རབས་གསར་པའི་གློག་བརྙན་པར་ལེན་སྒྲིག་བཟོ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། གློག་བརྙན་ལས་དོན་པ་རྒན་རབས་པ་རྣམས་ཀྱི་སྔོན་ཐོན་བྱས་རྗེས་དང་། སྲོལ་རྒྱུན་བཟང་པོ། ལས་གཏོད་སྙིང་སྟོབས་བཅས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་གློག་བརྙན་སྤུས་མཐོའི་གོང་འཕེལ་དང་གློག་བརྙན་རྒྱལ་ཁབ་སྟོབས་ཆེན་འཛུགས་རྒྱུར་ཁྲང་ཁྲུན་གློག་བརྙན་བཟོ་གྲྭའི་ལས་དོན་པའི་སྟོབས་ཤུགས་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


     པེ་ཅིང་འོད་ཐིག་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཝང་ཁྲང་ཐེན་གྱིས། ང་ཚོར་འགན་འཁྲི་ཆེན་པོ་དང་འགན་འཁྲི་གཟི་བརྗིད་ཡིན་པའི་ཚོར་བ་ཆེན་པོ་བྱུང་། ང་ཚོས་རིག་གནས་ཀྱི་བློ་སྤོབས་དེ་གསར་རྩོམ་གྱི་རྨང་གཞིར་བརྩིས་ནས། ལྷག་བསམ་ཟོལ་མེད་ཀྱི་གསར་རྩོམ་རྣམ་འགྱུར་མཐའ་འཁྱོངས་དང་། གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། དུས་རབས་ཀྱི་སྙིང་སྟོབས་དང་མི་དམངས་ཀྱི་སེམས་གཏམ་མཚོན་པའི་དྲོ་སྐྱིད་ལྡན་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་དང་། དུས་མཚུངས་གོ་ལ་ཧྲིལ་པོའི་མིག་རྒྱང་ཐོག་ནས། ཀྲུང་གོའི་རིན་ཐང་ལྟ་བ་ཁྱབ་སྤེལ་བྱ་རྒྱུ་ལས་འགན་དུ་བྱེད་པའི་ཀྲུང་གོའི་ཚན་རྟོག་གློག་བརྙན་གསར་རྩོམ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


     ཀྲུང་དབྱང་གསར་འགྱུར་དངོས་བྲིས་གློག་བརྙན་བཟོ་གྲྭའི་གློག་བརྙན༼ ཁྱེད་ཀྱི་སྐད་སྒྲ༽ཡི་འཁྲབ་ཁྲིད་པ་ཞུས་ཅེ་ཆིན་གྱིས། ཀྲུང་དབྱང་གསར་འགྱུར་དངོས་བྲིས་གློག་བརྙན་བཟོ་གྲྭ་ནི་དངོས་བྲིས་གློག་བརྙན་གྱི་རྒྱལ་ཁབ་རུ་ཁག་ཅིག་ཡིན། ༡༩༣༨ལོའི་ཡན་ཨན་གློག་བརྙན་ཚོགས་པའི་དུས་སྐབས་ནས་བཟུང་རྒྱལ་ཁབ་ཀྱི་གློག་བརྙན་ལོ་རྒྱུས་བརྙན་དུ་ཕབ་ལེན་དང་ཉར་ཚགས་བྱེད་མཁན་གྱི་འགན་འཁྲི་འཁུར་ཡོད། གཞོན་སྐྱེས་གློག་བརྙན་ལས་དོན་པ་ཞིག་ཡིན་པའི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། ང་ཚོའི་སྒྱུ་རྩལ་མཁས་ཅན་རྒན་རབས་ཚོའི་གསར་རྩོམ་སྙིང་སྟོབས་བརྟན་པོ་རྒྱུན་འཛིན་བྱས་ཏེ། གློག་བརྙན་ལ་བརྟེན་ནས་དུས་རབས་ཀྱི་ལོ་རྒྱུས་ཉར་ཚགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


     ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་ཟློས་གར་དངོས་བྲིས་གློག་བརྙན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའང་ཧུང་གིས། སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་སེམས་ལ་བརྟན་པོར་ངེས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ཁྱབ་ལས་ཁུངས་དང་རིག་རྩལ་ལས་དོན་པ་ཚོར་བཏོན་གནང་བའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་སྣེ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་གཞི་ཚུགས་པ་དང་། དུས་རབས་གསར་པ་ཟིན་འགོད་བྱེད་པ་དང་། དུས་རབས་གསར་པར་བསྟོད་གླུ་ལེན་པ། གློག་བརྙན་དུས་ཆེན་ཆེ་གྲས་ཁག་ཡག་པོ་གཉེར་ནས་ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་གསར་རྩོམ་བྱ་རྒྱུ་ཡིན། བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”སྤྱི་ཁྱབ་ལས་ཁུངས་ཀྱི་ལས་དོན་ནང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།


  • 顶