ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་ལྟར་ན། ཉེ་སྔོན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན11གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། ས་གནས་སོ་སོའི་སྡེ་ཚན་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྗོད་དོན་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལ་སྤྲོ་སྣང་དང་བརྗེད་མི་ཐུབ་པའི་དུས་ཆེན་ཞིག་རོལ་དུ་འཇུག་རྒྱུ་རེད།
བརྡ་ཐོའི་ནང་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་བྱ་རྒྱུར་དམིགས་ཏེ། འཚམས་འདྲི་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་ལག་ལེན། བརྗོད་དོན་གཏམ་བཤད་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། འཇར་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་དགོས། བྱེད་སྟངས་དང་གཞི་རྟེན་གསར་གཏོད་བྱས་ནས། ཕ་བུའི་ཀློག་འདོན་དང་ཁྱིམ་སྲོལ་གཏམ་རྒྱུད་སྒྲོག་བཤད། གླུ་ལེན་བྱེད་སྒོ། རུ་ཁག་ནང་ཞུགས་པའི་མཛད་སྒོ་སོགས་གཉེར་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་དགོས། དུས་རབས་ཀྱི་མིག་དཔེ་དང་ཀུན་སྤྱོད་ཀྱི་མིག་དཔེ་སོགས་ཕྲུ་གུའི་ཉེ་འགྲམ་དུ་བསྐྱལ་ཏེ། རྒྱ་ཆེའི་བྱིས་པར་མིག་དཔེའི་གཏམ་རྒྱུད་མཉན་པ་དང་མིག་དཔེའི་སྙིང་སྟོབས་རྟོགས་རྒྱུར་ཁྲིད་སྟོན་བྱས་ནས། ཆུང་དུས་ནས་ཀྲུང་གོའི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཁྲག་རྒྱུད་དུ་འདྲེས་ནས་སེམས་སུ་རྩ་བ་ཚུགས་པར་བྱེད་དགོས།
བརྡ་ཐོའི་ནང་། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་བྱིས་པའི་དགོས་མཁོ་གཞིར་བཟུང་། ཁྱིམ་བདག་དང་སློབ་གྲྭ། “བདེ་སྐྱིད་ཁྱིམ་གཞི·ཁྱིམ་ཚང་སློབ་གསོའི་ཞབས་ཞུའི་ལྡུམ་ར”སོགས་དྲ་ཐོག་ལས་སྟེགས་སོགས་ལ་བརྟེན་ནས། ཁྱིམ་ཚང་སློབ་གསོའི་ཚན་རིག་འདུ་ཤེས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱེད་དགོས་པ་དང་། སློབ་གྲྭའི་ནང་གི་སློབ་ཁྲིད་ཐོན་ཁུངས་མཉམ་འདྲེས་དང་། གཞོན་ནུ་ཕོ་བྲང་དང་བྱིས་པའི་བྱེད་སྒོའི་ལྟེ་གནས། ཉི་འོད་ས་ཚིགས་སོགས་སློབ་གྲྭའི་ཕྱི་རོལ་གྱི་གཡུལ་སར་མཉམ་འགུལ་བྱེད་པ། སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་གཞིར་སྦྲེལ་མཐུད་བྱས་ཏེ། སྤྱི་ཕན་ངལ་རྩོལ་དང་སྤྲོ་སྣང་ལུས་རྩལ། ལྟ་ཀློག་ཁྱབ་སྤེལ། སྒྱུ་རྩལ་ཁྱབ་སྤེལ། མངོན་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་གསོན་ཉམས་ལྡན་ཞིང་སྤྲོ་བ་ལྡན་པ་དང་། སློབ་གསོའི་ནང་དོན་ལྡན་ལ་སྤྲོ་སྐྱིད་གྱི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཉམ་འགུལ་ངང་དུས་ཆེན་གྱི་རྣམ་པ་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེར་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་།“གཅེས་སེམས་ཨ་མ”སོགས་དང་བླངས་པ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། དུས་ཆེན་གྱི་སྐབས་ཀྱི་འདུག་རོགས་དང་གཅེས་སྐྱོང་རོགས་སྐྱོར་བྱེད་སྒོ་སྤེལ་དགོས་པ་དང་། བུད་མེད་དང་བྱིས་པའི་བདེ་སྲུང་སོགས་སྨན་བཅོས་སྒྲིག་གཞིར་བྱིས་པའི་འཚར་སྐྱེ་དང་རྒྱུན་མཐོང་ནད་རིགས་སྔོན་འགོག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། བྱིས་པའི་དཀའ་ངལ་སེལ་བའི་དོན་དངོས་སྒྲུབ་གང་ཐུབ་བྱ་དགོས། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་གཅིག་སྡུད་ཐོག་སྤེལ་བ་དང་། ཤེས་བྱའི་འགྲན་བསྡུར་དང་ལད་ཟློས་ཁྲིམས་ཁང་། ཁྲིམས་སྐྱོང་གནས་ཚུལ་ཟློས་གར་སོགས་ཀྱི་རྣམ་པའི་ཐོག་ནས། ཁྲིམས་སྐྱོང་བདེ་འཇགས་སློབ་གསོ་སྤེལ་ནས་བྱིས་པའི་སེམས་ཁམས་སྲུང་སྐྱོང་ཏན་ཏིག་བྱ་དགོས། །
འཕྲིན་སྟེགས། weikangba