དགོངས་པ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།

2025-05-26
292

  ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པ་དེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་གལ་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པ་དང་། འགྲམ་རྒྱུད་ས་ཁུལ་དུ་གསར་གཏོད་དང་སྒོ་འབྱེད་བྱེད་དེ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཞུགས་ཟབ་མོ་བྱེད་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ལྟར། ད་ལོ་ནས་བཟུང་འགྲམ་རྒྱུད་ས་གནས་ཁག་གིས་བཅོས་བསྒྱུར་གསར་གཏོད་དང་ཨང་ཀིའི་ནུས་པ། ཐོན་ལས་མཐུན་སྦྱོར་བཅས་ལས་འགན་གལ་ཆེན་གསུམ་ལ་དམིགས་ནས། ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་སྤུས་མཐོས་འཛུགས་སྐྲུན་བྱེད་དེ། སྐམ་མཚོ་ཕྱི་ནང་མཉམ་འབྲེལ་དང་། ཤར་ནུབ་ཕྱོགས་གཉིས་ཁ་གསབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་མགྱོགས་པོར་ཆགས་པར་རམ་འདེགས་བྱེད་པ་རེད།

  ད་ལོ་ནས་བཟུང་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་ཐོབ་ཡོད་ལ། རླངས་འཁོར་སྒྲིག་སྦྱོར་ལམ་ཐིག་ཕྱེས་པ་དང་། ནང་ལོགས་སྐམ་ས་རུ་ཆུ་མེད་གྲུ་ཁའི་འཁྱགས་ཉར་འཁྱགས་མཛོད་བེད་སྤྱོད་པ། ཀྲུང་གོ་དང་ལ་ཝོ་སི། ཐེ་ལན་དིའི་བར་ཟོག་འདྲེན་མེ་འཁོར་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པ་སོགས་དང་ཆབས་ཅིག ལས་གཞི་གཙོ་བོ་ཕིང་ལུའུ་མི་བཟོས་གཙང་པོ་འཛུགས་སྐྲུན་ཇེ་མགྱོགས་བྱེད་དེ། ད་ལོར་སྒོར་དུང་ཕྱུར་བརྒྱ་དང་བདུན་ཅུ་གཏོང་འཆར་ཡོད་པ་དང་ལམ་ཐིག་གཞི་རྩའི་ཆ་ནས་ཆགས་ཐུབ་ཡོད།

  ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་སྔ་ལས་མགྱོགས་ཤིང་སྟབས་བདེ་བ། ནུས་པ་ཇེ་ཆེར་འགྲོ་འཇུག་དགོས། རྒྱལ་སྤྱིའི་ཟོག་འདྲེན་བགྲོད་ལམ་འཛུགས་སྐྲུན་བྱེད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སུ་འཛིན་པ་དང་། ཁོང་གིས་ས་གནས་མང་པོར་རྟོག་ཞིབ་བྱེད་དུས། འབྲེལ་ཡོད་གྲུ་ཁ་དང་ཟོག་འདྲེན་སྤེལ་ཁུལ་དུ་རྟོག་ཞིབ་ཕེབས། ཀོང་ཞི་རུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་མཉམ་དུ་འཛུགས་དགོས་པ་བཏོན་ཞིང་། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་ཀྱི་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཡོད། ཁྲུང་ཆིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་འབྲེལ་ཡོད་ཕྱོགས་སོ་སོས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། དཔེ་མཚོན་རང་བཞིན་གྱི་ལས་གཞི་འཛུགས་སྐྲུན་ཡག་པོ་དང་ཚོང་གཉེར་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། ད་ལོ་ཀུའེ་ཀྲོའུ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས། ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པ་འཛུགས་པའི་གོ་སྐབས་ཡག་པོ་སྤྱོད་པ་དང་། སྐམ་མཚོ་ཕྱི་ནང་མཉམ་འབྲེལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་གསབ་རེས་ཀྱི་ཕྱོགས་ཡོངས་སྒོ་འབྱེད་ཀྱི་གནས་བབ་ནང་རང་འགུལ་གྱིས་ཞུགས་དགོས་ཞེས་ནན་གསུང་གནང་།

  བཅོས་བསྒྱུར་གསར་གཏོད་ཀྱིས་མཉམ་ཤུགས་གྲུབ་ཡོད་དེ། ད་ལོར་ཧྲའན་ཞི་དང་མཚོ་སྔོན་སོགས་ཞིང་ཆེན་གྱིས་སྔ་རྗེས་སུ་མ་དངུལ་བཏང་ནས་སྐམ་མཚོ་བགྲོད་ལམ་གསར་པ་ཚོང་གཉེར་སྤྱི་གཉེར་ཁང་གི་མ་རྐང་ནང་ཞུགས། ས་ཁོངས་བརྒལ་བའི་ཕྱོགས་བསྡུས་ཚོང་གཉེར་སྟེགས་བུ་ཕྱོགས་ཡོངས་སུ་ཁྱབ་པ་དང་། འགྲམ་རྒྱུད་ཀྱི་ཚོང་རྟགས་གཅིག་འགྱུར་དང་སྒྲིག་སྲོལ་གཅིག་འགྱུར། འཁོར་སྤྱོད་གཅིག་འགྱུར་བྱེད་ཡོད། སྣ་མང་མཉམ་འབྲེལ་གཅིག་མཐུན་བཀོལ་སྤྱོད་གསར་གཏོད་མགྱོགས་མྱུར་ཁྱབ་གདལ་བཏང་ནས། སྔོན་མ་སྐྱེལ་འདྲེན་མི་འདྲ་བའི་འགྲོ་ལུགས་སྒྲུབ་ས་མང་བའི་གནད་དོན་ཐག་བཅད་པར་མ་ཟད། དངུལ་ཁང་ལ་དངུལ་བསྲེས་དངུལ་བུན་ལེན་པ་རེ་ཞུ་ཞུས་ཡོད།

  བགྲོད་ལམ་རིག་ནུས་བསྐྲུན་ཏེ། ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་ཟོག་འདྲེན་དང་ཚོང་གཉེར་རྩ་འཛུགས་ལྟེ་གནས་ཡིན་པའི་ཁྲུང་ཆིང་དུ། མི་བཟོས་རིག་ནུས་དང་འབྲེལ་མཐུད་མ་ལག་སོགས་ལག་རྩལ་བརྒྱུད་དེ། སྒོ་ཁྲལ་དང་ལྕགས་ལམ་སོགས་སྡེ་ཁག་དང་བགྲོད་ལམ་གཙོ་བོ་རིགས་ཞེ་དྲུག་གི་གཞི་གྲངས་སུམ་བརྒྱ་ང་གཉིས་བསྡུས་ནས། འགྲམ་རྒྱུད་ཀྱི་ཆུ་ཚད་མཐོ་བའི་ལས་སྒོ་མཉམ་འབྲེལ་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་ལ་ནུས་པ་བསྐྲུན་པ་རེད། མིག་སྔར་ཁྲུང་ཆིང་དང་ཀུའེ་ལིང་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་ལམ་རྒྱུད་གཙོ་བོའི་གཞི་གྲངས་མ་ལག་ཡོངས་སུ་ཤར་གཏོང་ཐུབ་ནས། གོ་རིམ་བརྒྱ་ཆའི་སོ་བཞི་ཇེ་ཉུང་གཏོང་བ་དང་དཔང་ཡིག་བརྒྱ་ཆའི་ང་དྲུག་སྟབས་བདེ་བྱས་ཡོད། གཞི་གྲངས་ཆེན་མོའི་ལྟེ་གནས་སུ། ལས་སྒྲུབ་མི་སྣས་དུས་དང་རྣམ་པ་ཀུན་ཏུ་ལམ་རྒྱུད་ཀྱི་ལྕགས་ལམ་དང་གྲུ་ཁ་སོགས་ཆ་འཕྲིན་ལ་ལྟ་ཆོག་པར་མ་ཟད། འགྲམ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་ཚོང་ཟོག་འགོ་ཁུངས་དང་གྲུ་ཤག  གྲུ་གཟིངས་དུས་ཚོད་སོགས་མཐུན་སྦྱོར་བྱས་ནས། ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་བྱེད་ཐུབ་པ་རེད།

བགྲོད་ལམ་གྱིས་ཉོ་ཚོང་ལ་བསྐུལ་ནས་ཐོན་ལས་མཉམ་སྤེལ་བྱེད་ཅིང་ཡོད། ཉེ་ཆར། ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་ཆིང་སྤེལ་ཁུལ་ཁྲུང་ཆིང་དང་ཀུའེ་ཀྲོའུ། ཀུའེ་ལིང་བགྲོད་ལམ་ཤར་གཏོང་ཐུབ། ཆིང་ནུས་ཟོག་འདྲེན་ལམ་ཐིག་འདིས། འགྲམ་རྒྱུད་ས་གནས་ཁག་གིས་ཆིང་བཟོ་ལག་རྩལ་དང་འབར་རྫས་གློག་རྫས་མ་ལག་དང་ལྟེ་གནས་ལྷུ་ལག་ཞིབ་འཇུག་སོགས་སྐུལ་ཁྲིད་བྱས་ནས། ཆིང་ནུས་ཐོན་ལས་ཁྱུ་ཚོགས་བསྐྲུན་པ་རེད།

  རྒྱལ་སྤྱིའི་ཟོང་འདྲེན་རྒྱུ་ལམ་ཆེན་མོ་ལ་བརྟེན་ནས། ནུབ་རྒྱུད་ས་ཁུལ་གྱི་ཐོན་སྐྱེད་སྒུལ་ཤུགས་ལི་གློག་གསོག་དང་ནུས་ཁུངས་གསར་པའི་རླངས་འཁོར། འོད་ནུས་ཐོན་རྫས་བཅས་རྣམ་གསར་གསུམ་པོ་ཕྱིར་འདྲེན་བཞིན་ཡོད་ལ། ཡུན་ནན་གྱི་འཚིག་ཇ་དང་ཀན་སུའུ་ཡི་ཀུ་ཤུ། ཞིན་ཅང་གི་རྒུན་འབྲུམ་གསར་པ། སི་ཁྲོན་གྱི་ཤ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཛམ་གླིང་གི་ཚོང་རའི་ཐོག་བཙོང་པར་མ་ཟད། ས་གནས་དེ་གའི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་གནས་གསར་པར་གྱུར་ཡོད།

  ད་ལྟར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དམིགས་འབེན་གནས་དེ་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ཉེར་བདུན་གྱི་གྲུ་ཁ་ལྔ་བརྒྱ་རེ་གསུམ་ལ་རྒྱ་བསྐྱེད་ཡོད་དེ། ད་ལོའི་དུས་ཚིགས་དང་པོར། ལྕགས་ལམ་དང་མཚོ་ཐོག་གི་སྐྱེལ་འདྲེན་གྱིས་དངོས་ཟོག་དོས་སྒམ་འབུམ་གསུམ་དང་ཁྲི་བཞི་སྟོང་ལྔ་ཉིས་བརྒྱ་སྐྱེལ་འདྲེན་བྱས་པས། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་རེ་བརྒྱད་ཚེག་གཉིས་འཕར་ཡོད། ཟོང་འདྲེན་རྒྱུ་ལམ་ཆེན་མོ་འདི་བརྒྱུད་ནས་མཚོ་ཐོག་ནས་འཛམ་གླིང་ལ་འདྲེན་པ་དང་། ལམ་རྒྱུད་སྒོ་འབྱེད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཏོད་པར་རམ་འདེགས་བྱེད་བཞིན་ཡོད།


  • 顶