ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཤིས་འཕྲིན་སྤྲིངས།

2025-05-26
1160

  ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཤིས་འཕྲིན་སྤྲིངས།

   ཞི་ཅིན་ཕིང་གིས། སྐབས་འདིའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དང་ས་ཁོངས་སྤེལ་རེས་མཉམ་ལས་ཟབ་སྤེལ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་མཐུན་རྐྱེན་བསྐྲུན་པ་དམིགས་འབེན་དུ་བཟུང་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། སྤུས་མཐོའི་རྒྱུད་གཅིད་ལམ་གཅིག་མཉམ་འཛུགས་ཐད་སྐུལ་སྤེལ་ནུས་པ་གལ་ཆེན་ཐོན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཀྲུང་གོའི་ནུབ་རྒྱུད་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པའི་སྟེགས་བུ་ཡག་པོ་ཞིག་གཏོད་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། མཐུན་སྒྲིལ་བྱས་ན་མཉམ་རྒྱལ་དང་། ལག་གདང་སྦྲེལ་ན་ཀུན་པོ་མདུན་དུ་སྐྱོད་ཐུབ་པས། ང་ཚོས་སྐབས་འདིའི་དངོས་མང་སྟོན་ཚོགས་གོ་སྐབས་སུ་བཟུང་ནས། རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཉམ་དུ་ཕན་ཚུན་རྒྱུས་ལོན་ཇེ་ཟབ་དང་། མཛའ་བརྩེ་ཇེ་ཆེ། མཉམ་ལས་ཟབ་སྤེལ་བྱས་ནས། མཉམ་དུ་ཕྱོགས་མང་ཉོ་ཚོང་ལམ་ལུགས་དང་འཛམ་གླིང་ཡོངས་ཀྱི་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་ཐོགས་པ་མེད་ཅིང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་ཏེ། འཛམ་གླིང་དཔལ་འབྱོར་དར་རྒྱས་གོང་འཕེལ་ལ་མཐུན་རྐྱེན་སྐྲུན་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ཉིན་སྐབས་ཉི་ཤུ་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། བཅོས་བསྒྱུར་ཟབ་སྤེལ་དང་སྒུལ་ནུས་ཇེ་ཆེར་གཏོང་ཞིང་སྒོ་འབྱེད་རྒྱ་བསྐྱེད་དེ་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་གཞིར་བྱས་ཏེ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་རེད།


  • 顶