ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རྒྱལ་ཡོངས་ས་གནས་ཁག་ཏུ་སྔ་རྗེས་སུ་ཞིང་ཁར་དཔྱིད་ཆུ་འདྲེན་པ་དང་དཔྱིད་འདེབས་བྱེད་པའི་དུས་ཚིགས་སུ་སླེབས་ཡོད། ཆུ་བེད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་ཁར་དཔྱིད་ཆུ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི1000ལས་བརྒལ་ཡོད།
ན་ནིང་དགུན་ཁ་ནས་བཟུང་། རྒྱལ་ཡོངས་སུ་ཆ་སྙོམས་ཆར་ཆུ་བབས་ཚད་དེ་དེའི་གོང་གི་དུས་མཚུངས་ལས་བཅུ་ཆ་ལྔ་ལྷག་ཇེ་ཉུང་དུ་སོང་ཞིང་། ས་ཁུལ་ཁག་གཅིག་གི་ཞིང་ཁར་བརླན་བཤེར་ཅུང་དཀོན་པའི་གནས་ཚུལ་ཐོན་ཡོད། མིག་སྔར་ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ཁུངས་བཀོད་སྒྲིག་བྱས་ཏེ་གནད་ལ་འཁེལ་བའི་ཞིང་ཆུ་འདྲེན་བཞིན་ཡོད། ཧོ་ནན་ཨན་དབྱང་ནེ་ཧོང་རྫོང་དུ། ས་གནས་དེ་གའི་ཁོངས་གཏོགས་ཁུལ་གྱི་ཤར་རྒྱུད་དང་ནུབ་རྒྱུད་གཉིས་ཀྱི་ཆུ་འདྲེན་མ་ལག་ཆ་ཚང་བེད་སྤྱད་དེ་རྨ་ཆུ་དང་ཝེ་ཧོ་ཆུ་བོ་མགྱོགས་མྱུར་དྲངས་ནས། འགྲམ་རྒྱུད་ཀྱི་ཤང་དང་གྲོང་རྡལ12ཀྱི་གྲོ་ཞིང་མུའུ་ཁྲི40ལྷག་ལ་ཆུ་ཁུངས་མཁོ་འདོན་བྱས་ཡོད། མིག་སྔར། དཔྱིད་ཆུ་དྲངས་པའི་གཞི་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི1000ཟིན་ཡོད། ཧྲན་ཏུང་ཙོའུ་ཁྲེང་དུ། གྲོ་ཞིང་མུའུ་ཁྲི50ལྷག་སྔོ་ལོག་རྒྱག་པའི་དུས་སུ་སླེབས་ཡོད། ད་ལོ། ས་གནས་དེ་གས་སྒུལ་བདེའི་རྣམ་པའི་ཆུ་གཏོར་འཕྲུལ་འཁོར་སོགས་ཆུ་འདྲེན་སྒྲིག་ཆས་གསར་པ4600ལྷག་བེད་སྤྱད་པ་དང་། སྒྲིག་ཆས་དེ་དག་གིས་དེ་སྔའི་ཞིང་ཆུ་རང་གར་གཏོང་བའི་རྣམ་པར་འགྱུར་ལྡོག་བཏང་བས། ཆུ་གྲོན་ཆུང་ཐུབ་པ་མ་ཟད་ད་དུང་ས་རྒྱུའི་ཁོར་ཡུག་ཀྱང་ལེགས་བཅོས་ཐུབ་ཡོད།
མིག་སྔར། རྨ་ཆུ་རྒྱུག་ཁུལ་གྱི་ཧྲན་ཞི་དང་ཧྲན་ཏུན། ཧྲའན་ཞི་སོགས་ཞིང་ཆེན་གྱི་རྨ་ཆུ་འདྲེན་ཁུལ་ཁག་གཅིག་ཏུ་འཕྲུལ་འཁོར་གྱིས་དཔྱིད་ཆུ་འདྲེན་པའི་ལས་དོན་སྒྲུབ་མགོ་བརྩམས་པ་དང་། འབྲི་ཆུ་རྒྱུག་ཁུལ་གྱི་ཞིང་ཆུ་འདྲེན་ཁུལ་དུ་ཞིང་ཁའི་ཆུ་བེད་སྒྲིག་ཆས་ཉམས་བཟོ་དང་འདམ་བག་གཙང་སེལ། ཆུ་བོས་གཏོར་བའི་ལས་གྲྭའི་སྒྲིག་བཀོད་ཉམས་གསོ་སོགས་ལས་དོན་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་སྟེ། དཔྱིད་ཆུ་བདེ་བླག་ངང་འདྲེན་ཐུབ་པར་འགན་ལེན་བྱེད་བཞིན་ཡོད་པ་རེད། །
འཕྲིན་སྟེགས། weikangba