ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད། རང་རྒྱལ་གྱིས་མ་འོངས་པའི་ལོ་གསུམ་ནང་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་མི་སྣ1300ལ་ཆེད་དོན་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། དེ་ནི་གསར་འགོད་པས་ཟླ12པའི་ཚེས7ནས་ཚེས9ཉིན་བར་ཁྲང་ཁྲུན་དུ་འཚོགས་པའི་སྐབས་གསུམ་པའི་འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རྩལ་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བ་རེད།

འགྲེམས་ཚོགས་ཀྱི་ཡུལ་དངོས་སུ་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པས་དཀར་པོ་ཆིག་ཐུབ་ཀྱི་ཐོན་རྫས་སྐོར་བློ་འདྲི་བྱེད་བཞིན་པ།
ཀྲུང་ལུགས་གསོ་རིག་སྨན་རྫས་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་གསར་དར་ཁྱབ་ཁོངས་ཤིག་ཏུ་འགྱུར་བཞིན་ཡོད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི་བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་སྲིད་གཞུང་དང་། ས་ཁུལ་གྱི་གཙོ་གཉེར་སྒྲིག་གཞི། རྒྱལ་སྤྱིའི་རྩ་འཛུགས་བཅས40ལྷག་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་དེ། “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་རྒྱལ་ཁབ་ཏུ་སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཕྱི་རྒྱལ་ལྟེ་གནས་30ལྷག་བསྐྲུན་ཡོད།
རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡུས་ཡན་ཧུང་གིས་ཚོགས་འདུའི་ཐོག་བསྟན་དོན། རྗེས་མར་སྐམ་ཁབ་ཞིབ་འཇུག་དང་། རྩྭ་སྨན་ཞིབ་འཇུག སྲོལ་རྒྱུན་གསོ་རིག་གི་ཕན་ཚུན་བདེན་དཔང་ཞིབ་འཇུག་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ནས། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་སོགས་དང་ཚན་རྩལ་གསར་གཏོད་སྤེལ་རེས་དང་གཞན་སྒྱུར་མཉམ་ལས་བྱས་ཏེ། སྲོལ་རྒྱུན་གསོ་རིག་གི་ཚན་རིག་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཟེར། འཆར་གཞི་ལྟར་ན། མ་འོངས་པའི་ལོ་གསུམ་ནང་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ1300ཁག་དང་པོར་གསོ་སྦྱོང་བྱས་ནས། ཀྲུང་ལུགས་གསོ་རིག་གི་རིག་གནས་རྒྱལ་སྤྱིའི་སྤེལ་རེས་དང་རྒྱུན་འཛིན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
ད་ཐེངས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། “སྤུས་ཚད་གསར་པས་བདེ་ཐང་ཚན་རྩལ་ལ་སྣེ་ཁྲིད་བྱས་ཏེ་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་རེད། རྒྱལ་ཁབ་དང་ས་ཁུལ20ལྷགནས་ཡོང་བའི་ཕྱོགས་སོ་སོའི་འཐུས་མིས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ཏེ་བརྗེ་རེས་བྱས་པ་རེད།
ཚོགས་ཆེན་འཚོག་རིང་། 2024ལོའི་ཁྲང་ཁྲུན་རྒྱལ་སྤྱིའི་སྨན་དང་སྨན་རྫས་བདེ་ཐང་ཐོན་ལས་དངོས་མང་སྟོན་ཚོགས་དུས་མཉམ་དུ་སྤེལ་བ་དང་། འགྲེམས་ཚོགས་ནང་ཞུགས་མཁན་མི་ཐེངས་ཁྲི10ལས་བརྒལ་ཡོད་པ་རེད། བཟོ་གྲྭ་མང་པོ་ཞིག་གིས་རིག་ནུས་སྨན་བཅོས་སྒྲིག་ཆས་དང་གནད་སྨིན་ཀྲུང་ལུགས་གསོ་རིག་སྙོམས་སྒྲིག་མ་ལག་སོགས་གསར་གཏོད་ཐོན་རྫས་འགྲེམས་ཁུལ་དུ་འགྲེམས་སྟོན་བྱས་པ་དེས་ཀྲུང་ལུགས་གསོ་རིག་གི་དེང་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་མངོན་པ་མ་ཟད། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་མི་ཉུང་བ་ཞིག་གིས་ཚོང་དོན་སྦྲེལ་མཐུད་བྱེད་པའི་ཡིད་དབང་བཀུགས་ཡོད།
“ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་ཅིག་ཏུའང་རྩྭ་སྨན་གསོ་བ་རིག་པ་ཡོད་མོད། འོན་ཀྱང་གཙོ་བོ་གྲོང་གསེབ་ཁུལ་དུ་དར་ཡོད་པ་མ་ཟད་ཆུ་ཚད་དེ་འདྲའི་མཐོ་པོ་མེད”ཅེས་ཕེ་རུའི་ཉོ་སྒྲུབ་ཚོང་པ་པ་ཁ་ནུའོ་ཝ·དབྱི་ལན་ན་ཡིས་བཤད་པ་དང་། ཁོས་ད་ཐེངས་ཀྱི་ཚོགས་ཆེན་གྱིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་ཀྱི་ཆུ་ཚད་ཐད་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང་། སླད་ཕྱིན་ཀྲུང་གོ་དང་མཉམ་དུ་མཉམ་ལས་དེ་བས་མང་པོ་བྱ་རྒྱུའི་རེ་བ་ཡོད་ཟེར།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba