འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་དུ་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་3273གསར་དུ་བཙུགས་པ་དེ་དུས་མཚུངས་ལས་12.6%འཕར་ཡོད། དེའི་ནང་ཁེ་ལས་ཁྲི་1002.9གསར་དུ་བཙུགས་ནས་15.6%འཕར་བ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་2258.2གསར་དུ་བཙུགས་ནས་11.4%འཕར་ཡོད།
2023ལོར་རང་རྒྱལ་གྱི་གཉེར་སྐྱོང་བྱེད་པོས་རྒྱུན་མཐུད་ངང་སྤུས་ཚད་མཐོ་རུ་དང་རྒྱ་ཆེར་བཏང་ནས་གཉེར་སྐྱོང་བྱེད་པོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། 2023ལོའི་ལོ་མཇུག་བར་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་དུད་ཚང་དུང་ཕྱུར་1.84ཟིན་པ་དེ་དུས་མཚུངས་ལས་8.9%འཕར་ཡོད། དེའི་ནང་ཁེ་ལས་ཁྲི་5826.8དང་། སྒེར་གཉེར་བཟོ་ཚོང་དུད་ཚང་དུང་ཕྱུར་1.24 ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་223བཅས་ཡོད།
རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་སྟོན་ཕྱོགས་གསལ་པོ་བཟོས་ནས་ལམ་ལུགས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ཞུགས་བདེ་ལ་དོ་དམ་ནན་པ་དང་ཕྱིར་འཐེན་བྱེད་བདེ་བར་སྐུལ་འདེད་བཏང་ཞིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》ལ་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཀུང་སི་ཐོ་འགོད་དོ་དམ་ལམ་ལུགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ཡོད། 《ཁེ་ལས་ཀྱི་མིང་ཐོ་འགོད་པའི་དོ་དམ་གྱི་གཏན་འབེབས་ལག་བསྟར་བྱེད་ཐབས》བཏོན་ནས་ཁེ་ལས་ཀྱི་མིང་རང་བརྟེན་རེ་ཞུའི་ཞབས་ཞུ་ལེགས་སུ་དང་སྟབས་བདེ་རུ་བཏང་ཡོད། 《ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ལག་བསྟར་ཚད་ལྡན》ཡོངས་བསྒྲགས་བྱས་ནས་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ཁག་31གི་གཞི་རྩའི་རྒྱུ་རྐྱེན་གཙོ་བོ་དང་། ཆོག་འཐུས་ཆ་རྐྱེན། རེ་ཞུའི་དཔྱད་གཞི། ཞིབ་མཆན་གོ་རིམ་སོགས་ནང་དོན་རེ་རེ་བཞིན་ཁ་གསལ་བཟོས་ནས་སྟབས་བསྡུས་ནུས་ཆེ་དང་། གཞུང་དྲང་ཁ་གསལ། ཞུགས་བདེ་ལ་དོ་དམ་ནན་པ་བཅས་ཀྱི་ལས་རིགས་གཉེར་སྐྱོང་ཆོག་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
ལག་རྩལ་ཞབས་ཞུའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ཅིང་། སྤུས་ཚད་དང་ལག་རྩལ་གྱི་རོགས་སྐྱོར་བྱས་ནས“སྤུས་ཚད་མཐོ་རུ་དང་ཁེ་ལས་སྟོབས་ཆེར་གཏོང་བའི”ལོ་གསུམ་གྱི་བྱ་སྤྱོད་སྤེལ་ཏེ་2023ལོར་ཁེ་ལས་ཁྲི་9.6ལ་རོགས་སྐྱོར་བྱས་པའི་ནང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་7.5ཡོད་པར་སྤུས་ཚད་ཀྱི་གནད་དོན་ཁག་ཁྲི་4ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་ཡོད། “ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་སྤུས་ཚད་དོ་དམ་མ་ལག་གི་ཁས་ལེན་དཔང་འདོན་རིམ་སྤོར་བྱ་སྤྱོད”རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། “ཁེ་ལས་ཀྱི་ཚོང་ལས་གསང་བ་སྲུང་སྐྱོང་བྱེད་ཤུགས་ཆེར་གཏོང་ཞབས་ཞུའི་ཟླ་བའི”བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱི་ཚོང་ལས་ཀྱི་གསང་བ་སྲུང་སྐྱོང་གི་རེ་ཞུ་དང་དཀའ་ངལ་ཁག་2102མཐུན་སྦྱོར་ངང་ཐག་གཅོད་བྱས་ཡོད།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཞིང་། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པ་མཐའ་འཁྱོངས་བྱས་ནས་ཁེ་ལས་ཀྱི་ཐོ་འགོད་དོ་དམ་དང་། སྒེར་སྡེམ་ལ་ངོ་རྒོལ། ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་མང་པོར་བཟོ་བཅོས་བརྒྱབ་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྡེ་ཚན་གྱི་སྒྲིག་སྲོལ་ཁག་88བཟོས་ནས་བཏོན་ཡོད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཏེ་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་སྒོ་ཚང་དུ་བཏང་ཡོད། 2023ལོའི་ལོ་མཇུག་བར་དམངས་གཉེར་ཁེ་ལས་ཁྲི་5300ཡན་ཟིན་པ་དེས་ཁེ་ལས་བསྡོམས་འབོར་གྱི་92%ཡན་བཟུང་གི་ཡོད་པ་རེད།
འཕྲིན་སྟེགས། weikangba