2023ལོར་རང་རྒྱལ་གྱིས་སྡོང་འཛུགས་རྩྭ་འདེབས་ལེགས་བཅོས་བྱས་པ་རྒྱ་ཁྱོན་མུའུ་དུང་ཕྱུར1.25ལ་སླེབས་པ།

2024-01-24
302

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་ཀོན་ཀྲི་ཨོའུ་ཡིས་ཚེས22ཉིན་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་བྱ་བའི་སྐོར་གླེང་སྐབས་བསྟན་དོན། 2023ལོར་རང་རྒྱལ་གྱིས་ཚན་རིག་ལྗང་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། སྡོང་འཛུགས་དང་རྩྭ་འདེབས་ལེགས་བཅོས་བྱས་པ་མུའུ་དུང་ཕྱུར1.25ལ་སླེབས་པ་དང་། བྱེ་འགྱུར་ཅན་གྱི་ས་ཞིང་བཅོས་སྐྱོང་བྱས་པ་མུའུ་ཁྲི2875ལ་སླེབས་ཡོད།

འདི་ནི་གསར་འགོད་པས་ཚེས22ཉིན་བསྡུས་པའི་རྒྱལ་ཡོངས་ནགས་ལས་དང་རྩྭ་ཐང་ལས་དོན་བརྙན་ལམ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ཡིན།

ཀོན་ཀྲི་ཨོའུ་ཡིས་བཤད་རྒྱུར། མིག་སྔའི་ནགས་རྩྭའི་ལས་དོན་དེ་སྤུས་འདེགས་དང་ཆུ་ཚད་མཐོར་འདེགས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཤིང་། གྲངས་ཀ་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། གྲངས་ཀ་དང་སྤུས་ཚད་གཉིས་ཀར་དམ་འཛིན་ལ་དོ་སྣང་བྱེད་དགོས། ངེས་པར་དུ་ཧེ་བག་ཅན་གྱི་དོ་དམ་རྒྱུན་འཁྱོངས་བྱས་ཏེ། བྱང་གསུམ་ས་ཁུལ་དང་ལྷོ་ཕྱོགས་ཚོགས་པའི་ནགས་ཁུལ་དེ་གཙོ་བོར་བཟུང་ནས། གྲངས་ཀ་དང་སྤུས་ཚད་གཉིས་ཀར་དམ་འཛིན་བྱེད་པའི་ལས་དོན་ཆེན་པོར་སྤྱི་འདོམས་ཡག་པོ་བྱེད་དགོས།

བྱེ་བྲག་གི་ཐད་ནས་བལྟས་ན། བྱང་གསུམ་ས་ཁུལ་གྱིས་མཚོན་རྟགས་རང་བཞིན་ཆེན་མོ་གསུམ་གྱི་དམག་འཐབ་རྒྱག་པ་གཙོ་བོར་བཟུང་ནས། ཧུར་ཐག་གིས་ཚན་རིག་ལྗང་སྒྱུར་དཔེ་སྟོན་ཁུལ་བསྐྲུན་དགོས། ལྷོ་ཕྱོགས་ས་ཁུལ་གྱིས་ཚོགས་པའི་ནགས་དབང་ལམ་ལུགས་བཅོས་སྒྱུར་དངོས་འབེབས་བྱེད་པ་དེ་འཛིན་ལུང་དུ་བྱས་ནས། ལུགས་མཐུན་ངང་གཞི་ཁྱོན་བདག་གཉེར་ལ་སྐུལ་འདེད་དང་ནགས་བརྟེན་དཔལ་འབྱོར་དང་སྐྱེ་ཁམས་ཡུལ་སྐོར། ནགས་ཚལ་ཁམས་གསོ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེེད་པ་དང་། ཚན་རིག་ལྟར་ནགས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་པར་སྐུལ་ལྕག་གནང་ནས། ནགས་ཚལ་ཧྲིལ་བོ་རྒྱུན་མཐུད་བདག་གཉེར་བྱེད་པའི་ཚད་གཞི་ཚད་ལྡན་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་ནགས་ཚལ་སྤུས་ཀ་དང་ཐཱན་གསོག་ནུས་པ་མཐོར་འདེགས་སུ་གཏོང་དགོས། །


  • 顶