2023ལོར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་གཏོང་མང་ཤོས་ཡིན་པ།

2024-01-15
837

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་གིས་2024ལོའི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུར་2023ལོར་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་11996བཏང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་བྱང་རྒྱུད་མཚོ་ཁུག་འཁོར་རྒྱའི་ཀོང་ཤིས་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭ་སོགས་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་44སྐྲུན་འགོ་ཚུགས་ཡོད་ཅེས་བཤད་པ་རེད།
     ཆུ་བེད་ལས་གྲྭའི་སྤྱི་ཕན་རང་བཞིན་ཆེ་བ་དང་ལྷག་པར་དུ་ཆུ་བེད་ཀྱི་གཙོ་གནད་ལས་གྲྭར་རྟག་ཏུ་མ་དངུལ་གཏོང་མང་བ་དང་། འཛུགས་སྐྲུན་གྱི་དུས་འཁོར་རིང་བ། ཁེ་སྤོགས་ཀྱི་ནུས་པ་ཞན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། རྟག་ཏུ་མ་དངུལ་བསྡུ་གཏོང་གི“འགག་གནད”ཐོན་གྱི་ཡོད།
     ཟིན་ཐོ་བཏོད་པའི་འཛུགས་སྐྲུན་མ་དངུལ་འབོར་ཆེན་དག་གང་ནས་བྱུང་བ་ཡིན་ནམ། “ནོར་སྲིད་ཀྱི་མ་དངུལ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་བཅས་ཀྱིས་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཡོད” ཆུ་བེད་པུའི་འཆར་འགོད་འཆར་གཞི་སིའི་སི་ཀྲང་ཀྲང་ཞང་ཝུའེ་ཡིས་ཕྱོགས་གཅིག་ནས་རིམ་ཁག་སྤྱི་པའི་ནོར་སྲིད་ཀྱིས་ཆུ་བེད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་2023ལོའི་ཆུ་བེད་འཛུགས་སྐྲུན་ཐད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་6787བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཆུ་བེད་ཀྱི་མ་དངུལ་གཏོང་བ་དང་མ་རྩ་བསྡུ་གཏོང་གི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དངུལ་རྩའི་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་རྩ་ཆུ་བེད་འཛུགས་སྐྲུན་ལ་ཧུར་ཐག་གཏོང་བའི་བརྩོན་ལེན་བྱས་ཏེ་ཐབས་ལམ་མང་པོར་བརྟེན་ནས་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱས་ཡོད་ཅེས་བཤད་པ་རེད།
     བསྡོམས་རྩིས་ལས་མངོན་པར། 2023ལོ་ཧྲིལ་པོར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་12238བཏང་བའི་ནང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་བཅས་སྒོར་དུང་ཕྱུར་5451ཟིན་པ་དེས་རྒྱལ་ཡོངས་ཀྱིས་བཏང་བའི་མ་འཇོག་གཞི་ཁྱོན་གྱི་44.5%བཟུང་ཡོད།
     ཟིན་ཐོ་བཏོད་པའི་ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་དག་གང་དུ་བཏང་ཡོད་དམ། གསར་འགོད་པར་ཤེས་རྟོགས་བྱུང་བར། ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་གཙོ་བོ་ཁྱབ་ཁོངས་ཁག་4ལ་བཏང་བ་སྟེ། ཆུ་བོ་རྒྱུག་ཁུལ་གྱི་ཆུ་ལོག་སྔོན་འགོག་ལས་གྲྭའི་མ་ལག་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་3227དང་། རྒྱལ་ཁབ་ཀྱི་ཆུའི་དྲ་བའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་5665གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་2079 ཆུ་དཔྱད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་རིག་ལྡན་ཆུ་བེད་སོགས་རྣམ་གྲངས་གཞན་དག་ལ་མ་དངུལ་སྒོར་དུང་ཕྱུར་1025བཅས་བཏང་ཡོད་པ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)

  • 顶