ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚེས18ཉིན་གྱི་ཕྱི་དྲོར་པེ་ཅིན་ཧྲོའུ་ཀང་ར་བར་ཕེབས་ནས། རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་ལ་ཞུགས། ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་ཁྱབ་གདལ་དང་ཚན་རིག་བྱང་ཚད་འཛུགས་སྐྲུན་བྱེད་པའི་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཚན་རྩལ་ཁྱབ་གདལ་ལས་དོན་ལེགས་པོར་སྒྲུབ་པ་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་པ། ཚན་རྩལ་གསར་སྐྲུན་གྱི་རང་རྟོན་སྐུལ་སློང་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།

ཟླ9པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་པེ་ཅིན་ཧྲོའུ་ཀང་ར་བར་ཕེབས་ནས། རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་ལ་ཞུགས།
ཚའེ་ཆི་ཡིས་སྔ་རྗེས་སུ་འགྲེམ་ཁུལ་སོ་སོར་ལྟ་སྐོར་བྱས་ཏེ། ཚན་རྩལ་ཁྱབ་གདལ་ལས་དོན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། བར་སྣང་འཚོལ་ཞིབ་དང་མི་སྡོད་འཕུར་གྲུ། རྡོ་སྣུམ་རྫས་འགྱུར་བཟོ་ལས། གྲོང་གསེབ་དར་སྤེལ་སོགས་ཀྱི་ཆེད་དོན་འགྲེམ་སྟོན་ལ་ལྟ་ཞིབ་བྱས་ནས་ཚན་རྩལ་ལས་དོན་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོན་པོས་ཚན་རྩལ་གསར་སྐྲུན་དང་ཚན་རིག་ཁྱབ་གདལ་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་པས། ཚན་རིག་ཁྱབ་གདལ་དང་ཚན་རིག་བྱང་ཚད་འཛུགས་སྐྲུན་ལས་དོན་ལ་གལ་ཆེའི་མཛུབ་སྟོན་དང་རྒྱས་བཤད་རབ་དང་རིམ་པ་གནང་སྟེ། ཚན་རྩལ་ཁྱབ་གདལ་ལས་དོན་ལ་སྣེ་ཁྲིད་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། རིམ་པ་སོ་སོའི་ཚན་རིག་མཐུན་ཚོགས་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་སོ་སོ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་བཅས་ཀྱིས་རྒྱལ་དོན་ཆེན་མོར་དམིགས་ཏེ། རང་འགུལ་ངང་ཁག་ཁུར་དང་བྱས་རྗེས་བཞག་ནས། ཚན་རྩལ་ཁྱབ་གདལ་གྱིས་གསར་སྐྲུན་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཀྱི་གལ་ཆེའི་རྨང་གཞི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།
ཚན་རྩལ་ཁྱབ་གདལ་དང་གཟི་འོད་འབར་བའི་ལང་ཚོ་དང་ཚན་རིག་སློབ་གསོའི་སྣོན་ཐབས་འགྲེམ་ཁུལ་དུ་ཚའེ་ཆི་ཡིས་ཡུལ་དངོས་ཀྱི་སློབ་གསོའི་ལས་དོན་པ་དང་ན་གཞོན་རྣམས་ལ་བྱམས་བརྩེའི་གླེང་མོལ་བྱས་ཏེ། ན་གཞོན་རྣམས་ཀྱིས་སེམས་སུ་ཚན་རིག་གི་ཕུགས་འདུན་བཅངས་ནས་གསར་སྐྲུན་གྱི་དད་སེམས་བཙུགས་ཏེ། སྔ་མོ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་བྱ་འགུལ་ནང་ཞུགས།
རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པ་དང་། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་སྤྱི་ཚོགས་ཕྱོགས་སོ་སོ་ཚན་རྩལ་ཁྱབ་གདལ་ནང་རྒྱ་ཆེར་ཞུགས་པ་དང་ཚན་རྩལ་ཁྱབ་གདལ་ལས་དོན་ལ་བྱས་རྗེས་འཇོག་པར་སྐུལ་སློང་བྱས་ཏེ། ཐད་ཀར་དུ་དམངས་ཡོངས་ལ་ཁ་ཕྱོགས་པ་དང་དམངས་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་གལ་ཆེན་ཞིག་ཡིན། 2004ལོ་ནས་བཟུང་། བསྟུད་མར་སྐབས་ཉི་ཤུ་ལ་སྤེལ་ཏེ་བསྡོམས་པས་ཚན་རྩལ་ཁྱབ་གདལ་བྱ་འགུལ་གཙོ་བོ་ཐེངས་ཁྲི40ལྷག་བསྒྲུབས་ཡོད། 2023ལོའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱ་འགུལ་གྱིས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་རམ་འདེགས་བྱེད་པ་བརྗོད་དོན་གཙོ་བོར་བཟུང་ནས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མང་ཚོགས་ལ་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་གི་ཚན་རྩལ་ཁྱབ་གདལ་ཞབས་ཞུ་རབ་དང་རིམ་པ་སྤེལ་ཡོད། །