ཞི་ཅིན་ཕིང་ཅིན་ཀྲེང་ཨེེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

2026-06-09
224

ཞི་ཅིན་ཕིང་ཅིན་ཀྲེང་ཨེེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

图片
图片

ས་གནས་དེ་གའི་དུས་ཚོད་ཟླ་༦པའི་ཚེས་༨ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལྕམ་ཕེང་ལི་ཡོན་ཕོང་ཡང་མུའུ་ལན་ཁང་དུ་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

མུའུ་ལན་ཁང་དུ་སྐྱོད་པའི་ལམ་བར་དུ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་སྤྲོ་སེམས་རབ་ཏུ་འཁོལ་བའི་མང་ཚོགས་ལམ་འགྲམ་དུ་ལངས་ནས་ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་བརྒྱུད་པར་དགའ་བསུ་ཆེན་པོ་ཞུས་པ་རེད། མུའུ་ལན་ཁང་གི་གསོལ་སྟོན་ཁང་དུ་ཚོན་མདངས་རྣམ་པར་བཀྲ་བའི་གློག་སྒྲོན་བཀར་བ་དང་། མེ་ཏོག་ལྷུག་པར་བཞད་པས་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཡོད།

དགོང་མོའི་ཆུ་ཚོད་བདུན་པ་ཙམ་ལ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་མུའུ་ལན་ཁང་དུ་ཕེབས་པ་དང་། ཅིན་ཀྲེང་ཨེན་དང་ལྕམ་མོ་ལི་ཞུའེ་ཀྲུའུ་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བཟའ་ཟླས་མཛའ་བརྩེའི་སྐུ་པར་ལྷན་དུ་བསྐྱོན། ཁོ་རེ་ཡ་བྱང་མའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་གྲལ་བསྒྲིགས་ནས་གུས་འདུད་ཞུས།

དེ་རྗེས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་དགའ་བསུ་ཞུས།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་སོ་སོས་ཤིས་ཚིག་ཕུལ་བ་རེད།

图片
图片

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་རེ་ཡ་བྱང་མ་རྒྱལ་ཁབ་གཉིས་རི་ཆུ་འབྲེལ་ཞིང་སྐྱིད་སྡུག་མཉམ་མྱོང་ཡིན་པ་དང་། ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་དེ་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཉམས་སད་ཁྲོད་རྒྱུན་འཛིན་ཐུབ་པ་བྱུང་།  ད་ལོ་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་མཛའ་མཐུན་མཉམ་ལས་དང་རོགས་རེས་བྱ་རྒྱུའི་ཆིངས་ཡིགབཞག་ནས་ལོ་ངོ་༦༥འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གནས་ཡོད། ངས་ད་ཐེངས་འཚམས་འདྲི་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་།  ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་བསྟུན་པ། མཐོ་རིམ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད། དམངས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྔར་ལས་གོང་འཕེལ་ཡོང་བར་སྐུལ་འདེད་དང་། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས། ད་ལོ་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོགས་ནས། ཁོ་རེ་ཡ་བྱང་མའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་གལ་ཆེན་གནང་སྟེ། ཁོ་རེ་ཡ་བྱང་མའི་སྤྱི་ཚོགས་རིང་ལུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པ་བཏོད། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་ཡིན་པའི་ཀྲུང་གོའི་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་གཙོས་པའི་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁོ་རེ་ཡ་བྱང་མའི་མི་དམངས་ཀྱིས་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་པའི་དམིགས་འབེན་དང་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ། ཁོ་རེ་ཡ་བྱང་མའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

ཅིན་ཀྲེང་ཨེན་གྱིས་ཁོ་རེ་ཡ་བྱང་མའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་རེད། ཅིན་ཀྲིན་ཨིན་གྱིས། དེ་རིང་གི་ཕོང་ཡང་གྲོང་ཁྱེར་ཡོངས་སུ་མཛའ་བརྩེའི་རྣམ་པས་རབ་ཏུ་ཁྱབ་འདུག ཁོ་རེ་ཡ་བྱང་མའི་ཏང་དང་སྲིད་གཞུང་། མི་དམངས་ཀྱི་ཆེས་མཆོག་ཏུ་གྱུར་བའི་མགྲོན་པོ་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ལོར་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་ཐེངས་དང་པོ་སྟེ། ཁོ་རེ་ཡ་བྱང་མར་ཕེབས་པ་དེས་ཁོ་རེ་ཡ་བྱང་མ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཁོ་རེ་ཡ་བྱང་མའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་ནུས་ལྡན་གྱི་རྒྱབ་སྐྱོར་གནང་བ་མཚོན་ཡོད་ཅེས་གསུངས།

ཅིན་ཀྲེང་ཨེན་གྱིས། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྣམ་གཉིས་དུས་ཡུན་ཟླ་བ་དགུ་འགོར་བའི་རྗེས་སུ། སླར་ཡང་མཇལ་འཛོམས་གནང་ནས། དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པའི་ཁོ་རེ་ཡ་བྱང་མ་དང་ཀྲུང་གོའི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དང་འབྲེལ། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་རྒྱ་ཁྱབ་ངང་བརྗེ་རེས་གནང་བས། ལོ་རྒྱུས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པའི་ཁོ་རེ་ཡ་བྱང་མ་དང་ཀྲུང་གོའི་མཛའ་གྲོགས་མྱུར་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་བྱས་རྗེས་འཇོག་འདོད་ཡོད། སྤུན་ཟླ་ཡིན་པའི་ཀྲུང་གོའི་མི་དམངས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཁོ་རེ་ཡ་བྱང་མའི་མི་དམངས་སྙིང་དབུས་ནས་དགའ་སྤྲོ་ཚད་མེད་སྐྱེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་རྒྱང་སྐྱོད་ལམ་བུ་གསར་པ་བཅས་ལ་གྲུབ་འབྲས་སྔར་ལས་ཆེ་བ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས། 


  • 顶