འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་བརྙན་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོའི་དབྱར་གསེང(ཟླ་6ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར)རིང་སྤ་སེ་བཙོངས་པའི་བསྡོམས་འབོར་སྒོར་དུང་ཕྱུར་91.35ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་23.8%འཕར་བའི་ནང་རང་རྒྱལ་གྱིས་སྒྲིག་བཟོ་བྱས་པའི་གློག་བརྙན་གྱིས་82.7%བཟུང་བ་དང་ཁྱོན་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་2.34ཟིན་ཡོད་པ་རེད། སྤ་སེ་བཙོངས་ཚད་ཨང་དང་པོ་ནས་ལྔ་པའི་བར་གྱི་གློག་བརྙན་ཁྲོད་རང་རྒྱལ་གྱིས་སྒྲིག་བཟོ་བྱས་པའི་གློག་བརྙན་བཞི་ཡོད་ཅིང་། དེ་ཡང《ཟླ་བའི་གོ་ལར་ཁེར་བགྲོད་བྱས་པ》དང《མི་ཚེའི་དོན་ཆེན》《མྱུལ་ཞིབ་མཁས་པའི་དམག་ཆེན》《སང་ཉིན་གྱི་དམག་འཁྲུག》བཅས་རེད།
ལས་རིགས་ནང་ཁུལ་གྱི་མི་སྣས། འདི་ལོ་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེ་ཡང་གཙོ་བོ་ས་གནས་ཁག་གི་གློག་བརྙན་ཁང་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་ཚུགས་བྱས་པ་དང་། གློག་བརྙན་གསར་པ་མཁོ་འདོན་བྱེད་ཤུགས་ཆེ་རུ་ཕྱིན་པ། རང་རྒྱལ་གྱིས་སྒྲིག་བཟོ་བྱས་པའི་གློག་བརྙན་མང་དུ་ཕྱིན་པ་བཅས་ལས་རེད་ཅེས་བཤད།
འདི་ལོའི་དབྱར་གསེང་རིང་སྟོན་པའི་གློག་བརྙན་གསར་པའི་བརྗོད་བྱ་རྒྱ་ཆེ་ལ་རིགས་སྣ་ཚོགས་ཡོད་ཅིང་། དེའི་ནང་ཚན་རིག་འཆར་སྒོ་དང་། ཁྱིམ་ཚང་། འགུལ་རིས། ལང་ཚོ། དངོས་མཚོན་སོགས་གློག་བརྙན་གྱི་རིགས་ཚུད་ཡོད་པས་ལྟད་མོ་བས་གློག་བརྙན་སྣ་ཚོགས་ལས་གདམ་ག་བྱས་ནས་ལྟ་ཆོག་པ་མ་ཟད། 《མི་ཚེའི་དོན་ཆེན》ལྟ་བུའི་དངོས་མཚོན་བརྗོད་གཞིའི་གློག་བརྙན་དང《ཟླ་བའི་གོ་ལར་ཁེར་བགྲོད་བྱས་པ》ལྟ་བུའི་ཚན་རིག་འཆར་སྒོ་ཡི་གློག་བརྙན་ལ་ལྟད་མོ་བས་དགའ་ཤོས་བྱེད་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་དབྱར་གསེང་རིང་སྤྱི་ཡོངས་ཀྱི་མཚོན་ཚུལ་ལས་ལོ་སྨད་ཀྱི་གློག་བརྙན་ཁྲོམ་རར་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།
གཞན་ཡང་རྒྱལ་ཁབ་གློག་བརྙན་ཅུས་ཀྱིས《2022ལོའི་གློག་བརྙན་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་འདི་ལོའི་ཟླ་8པ་ནས་ཟླ་10པའི་བར་2022ལོའི་གློག་བརྙན་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ནས་གློག་བརྙན་ལྟ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་གློག་བརྙན་ཁྲོམ་ར་སླར་གསོ་བྱེད་མགྱོགས་སུ་བཏང་སྟེ་དབྱར་གསེང་རིང་ལྟད་མོ་བ་རྒྱུན་མཐུད་མང་དུ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།
འཕྲིན་སྟེགས། weikangba