ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

2025-09-03
829

ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སི་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་

རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད། 

༼༢༠༢༥ལོའི་ཟླ་ཚེས་ཉིན་གྱི་སྔ་དྲོ

 

 

ཞི་ཅིན་ཕིང་།

རྒྱལ་ཡོངས་ཀྱི་སྤུན་ཟླ་ཚོ།

གུས་ཤིང་བརྩེ་བའི་རྒྱལ་ཁབ་སོ་སོའི་གཙོ་འཛིན་དང་སྲིད་གཞུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྐུ་ཚབ། 

གུས་ཤིང་བརྩེ་བའི་དམག་གཟིགས་ལ་ཕེབས་པའི་སྐུ་མགྲོན་རྣམ་པ།

དམག་གཟིགས་དང་ལེན་བྱེད་པའི་དཔོན་དམག་ཡོངས། 

བློ་མཐུན་ཚོ། གྲོགས་པོ་ཚོ།

དེ་རིང་ང་ཚོས་གཟབ་རྒྱས་ངང་འདུ་འཛོམས་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སི་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུས་པ་དང་། མཉམ་དུ་ལོ་རྒྱུས་ཕྱིར་དྲན་དང་། དཔའ་བོ་རྗེས་དྲན། ཞི་བདེ་ལ་གཅེས་སྤྲས། མ་འོངས་པ་གསར་གཏོད་བཅས་བྱས་ཡོད།

ངས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་དམག་མི་རྒན་པ་དང་། བློ་མཐུན་རྒན་པ།  རྒྱལ་གཅེས་མི་སྣ། འཇར་འགོག་དམག་དཔོན་བཅས་དང་། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ཕྱག་རྗེས་ཆེན་པོ་བཞག་པའི་རྒྱལ་ནང་དང་རྒྱལ་སྤྱིའི་ཀྲུང་ཧྭའི་བུ་ཕྲུག་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ཀྲུང་གོའི་མི་དམངས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པར་རོགས་སྐྱོར་དང་རོགས་རམ་གནང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རིང་གི་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་བའི་ང་དགའ་བསུ་ཞུས་པ་ཡིན།

བློ་མཐུན་ཚོ། གྲོགས་པོ་ཚོ།

ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་དཀའ་སྡུག་ལས་རྣམ་པར་རྒྱལ་བའི་དམག་འཁྲུག་རླབས་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འདོན་སྤེལ་དང་འཛུགས་སྐྱོང་བྱས་པའི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་དགྲ་བོ་ཕམ་པར་བརྒྱབ་པ་དང་། ཤ་ཁྲག་གི་ལུས་པོ་ལ་བརྟེན་ནས་ལྕགས་རི་རིང་པོ་བསྐྲུན་ཏེ་ཉེ་རབས་ནས་བཟུང་ཕྱི་དགྲའི་བཙན་འཛུལ་ལ་ངོ་རྒོལ་བྱས་པ་ལས་ཐེངས་དང་པོར་རྒྱལ་ཁ་ཡོངས་སུ་ཐོབ་པ་རེད།

ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་འཛམ་གླིང་ཧྥ་ཤི་སི་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་བློས་གཏོང་ཆེན་པོར་བརྟེན་ནས་མིའི་རིགས་ཀྱི་ཤེས་རིག་ལ་སྲུང་སྐྱོབ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག་པ་རེད། 

ལོ་རྒྱུས་ཀྱིས་ང་ཚོར་ཉེན་བརྡ་བཏང་དོན།  མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འབྲེལ་བ་དང་། རྒྱལ་ཁབ་དང་མི་རིགས་ཁག་གིས་ཕན་ཚུན་འདྲ་མཉམ་དང་ཞི་བདེ་མཉམ་གནས།  ཕན་ཚུན་རོགས་རམ་བཅས་བྱས་ན་ད་གཟོད་ཐུན་མོང་གི་བདེ་འཇགས་སྲུང་སྐྱོབ་དང་། དམག་འཁྲུག་གི་རྩ་བ་མེད་པར་བཟོས་ཏེ་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་མི་འབྱུང་བ་བྱ་ཐུབ། 

བློ་མཐུན་ཚོ། གྲོགས་པོ་ཚོ།

ཀྲུང་ཧྭ་མི་རིགས་ནི་དྲག་ཤུགས་ལ་མི་སྐྲག་པ་དང་རང་སྟོབས་རང་སྤེལ་ཐུབ་པའི་མི་རིགས་རླབས་ཆེན་ཞིག་ཡིན། དྲང་བདེན་དང་ཀླ་ཀློ། འོད་སྟོང་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བཅས་ཀྱི་ཤི་གསོན་གྱི་འགྲན་སློང་གི་མདུན་ནས། ཀྲུང་གོའི་མི་དམངས་ཀྱིས་ཁོང་ཁྲོ་ཆེན་པོས་དགྲ་བོར་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་གནས་དང་མི་རིགས་བསྐྱར་དར མིའི་རིགས་ཀྱི་དྲང་བདེན་བཅས་ཀྱི་ཆེད་དུ་འཐབ་རྩོད་བྱས་པ་རེད།  དེ་རིང་མིའི་རིགས་ཀྱིས་ཞི་བདེ་དང་དམག་འཁྲུག གྲོས་མོལ་དང་ཕན་ཚུན་འགལ་ཟླ། མཉམ་རྒྱལ་དང་ཕན་ཚུན་ཕམ་པར་རྒྱག་པ་བཅས་ཀྱི་གདམ་གའི་མདུན་ནས། ཀྲུང་གོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་ཕྱོགས་སུ་འགྲེངས་ཏེ་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུ་བརྟན་པོར་སྐྱོད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པ་ཡིན། 

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནི་ཏང་དང་མི་དམངས་ཀྱིས་ཡོངས་སུ་ཡིད་ཆེས་བྱེད་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་ཡིན། དམག་ཡོངས་ཀྱི་དམག་དཔོན་ཚོས་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་།  འཛམ་གླིང་གི་རྩེ་གྲའི་དམག་དཔུང་འཛུགས་སྐྱོང་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་རྒྱབ་སྐྱོར་འདོན་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་དགོས། 

ལོ་རྒྱུས་ཀྱིས་འདས་སོང་ལ་ཕྱོགས་བསྡོམས་དང་། མ་འོངས་པར་ལམ་སྟོན་བྱེད་པ་རེད། དུས་རབས་གསར་པའི་བགྲོད་ལམ་གསར་པའི་ཐོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བརྟན་པོར་བསྐྱོད་ནས།  རླབས་ཆེའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དཀའ་སྤྱད་འབད་བརྩོན་དང་དཔའ་ངརཆེན་པོས་མདུན་དུ་སྐྱོད་བཞིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་འགོག་ཐབས་མེད།  མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་རླབས་པོ་ཆེ་ལ་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཡིན།

 

༼ཞིན་ཧྭ་གསར་འགྱུར་ཁང་ པེ་ཅིང་ནས་ཟླ་༩པའི་ཚེས་ཉིན་འབྱོར་བའི་གློག་འཕྲིན 

 


  • 顶