རྒྱང་རིང་གི་རི་སྡེ།

2018-12-20
287

རྒྱང་རིང་གི་རི་སྡེ།

 ——— འབྲོང་བུ་རྡོ་རྗེ་རིན་ཆེན།

 གཅིག

 རི་གྲོང་འདི་ནི་བས་མཐའ་ཞིག་ཏུ་ཆགས་ཡོད། མོ་གསར་ཕལ་ཆེ་བས་རང་སྡེའི་ནང་གནས་ཡུལ་འཛིན་མ་འདོད་པར་སྡེ་བ་གཞན་དུ་བཞུར་ཚར། གཞན་ནས་འདི་གར་གནས་ལ་ཡོང་མཁན་གྱི་མནའ་མ་ཡང་ཧ་ཅང་ཉུང་བས། སྡེ་བའི་སྐྱེས་པ་མང་པོ་ཞིག་ཕོ་ཧྲེང་དུ་ལུས་ཡོད།

 ཀུན་ཐར་ལ་ཕ་ཤུལ་སྐྱོང་བའི་བུ་ཞིག་ཀྱང་མེད། ཁྱོ་ཤུག་གཉིས་ཀྱིས་སྡེ་བའི་ནང་གི་དྭ་ཕྲུག་འགྱུར་མེད་ལོ་བཅུའི་ཐོག་རང་ཁྱིམ་དུ་བླངས་ཏེ་སྙོར་བཞིན་འདུག འགྱུར་མེད་ནི་ཁ་ལེན་ཚིག་བརྩི་ཅན་ཞིག་ཡིན་ན་ཡང་། ཆུང་དུས་ནས་གླེན་ཞད་ཆེ་བས་ཁྱོ་ཤུག་གཉིས་ནམ་ཡང་སེམས་ཁྲལ་ལ་གཏོད་པར་བྱེད། འགྱུར་མེད་ནར་སོན་པ་དང་བསྟུན་ནས་རྒྱུད་ཀྱི་གླེན་རྟགས་དེ་གཞི་ནས་འགྱུར་བཞིན་ཡོད་མོད། སྐབས་རེར་ཞེ་སྡང་དང་ཁོང་ཁྲོའི་དབང་དུ་སོང་ཚེ་སྔར་ལས་ཚབས་ཆེན་དུ་འགྲོ་བ་རེད། ད་ལྟ། འགྱུར་མེད་ཀྱི་ན་ཚོད་རྒྱས་ནས་ཁྱིམ་ཐབ་འཛིན་པའི་དུས་ལ་བབས་འདུག

 དཔྱིད་ཟླ་གསུམ་པོ་འདས་མ་ཐག ཞིང་བའི་ལས་ཀ་ཇེ་ཉུང་དུ་ཕྱིན་ཏེ། རྒན་རྒོན་རྣམས་རྒྱུན་དུ་མ་ཎི་ཁང་དུ་ཚོགས་པ་དང་། གཞོན་པ་དང་ན་ཆུང་རྣམས་རྩེད་རའི་ནང་འདུས་ཏེ་མིག་མངས་དང་གླུ་གར་སོགས་ལ་གཡེངས་ཤིང་སོས་དལ་བག་ཕེབས་ཀྱི་ངང་ནས་ཉི་མ་འཁྱོལ་ཐབས་བྱེད།

 ཆུང་མ་ཆུ་ལེན་དུ་སོང་རྗེས། ཀུན་ཐར་གྱིས་འགྱུར་མེད་གམ་དུ་བོས་ཏེ“ང་མི་འགྱངས་པར་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་རྒྱུ་ཡིན”ཟེར་བཞིན་གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཕྱུང་སྟེ“ང་ཚོས་འདི་ལྟར་ཚེ་གང་བོར་དབུལ་བོའི་འཚོ་བ་རོལ་ན་ཉི་མ་འཁྱོལ་དཀའ”ཟེར།

 འགྱུར་མེད་ལ་མཚར་སྣང་དང་སྤྲོ་བ་མཉམ་གཅིག་ཏུ་སྐྱེས་ཏེ“འོ་ན་ང་ཡང་འཁྲིད་རོགས”ཟེར་བཞིན་གདོང་ལ་འཛུམ་ཞིག་རྒྱས་ཡོང་།

 ཀུན་ཐར་གྱིས་ཡུད་ཙམ་ལ་བསམས་རྗེས“མིན། ད་ཐེངས་ང་གཅིག་པུ་སོང་ནས་ཚོད་ལྟ་ཞིག་བྱ། ཁྱོད་ཀྱིས་ཁྱིམ་བསྲུང་དགོས”ཞེས་བཤད་རྗེས་འགྱུར་མེད་ཀྱི་གདོང་གི་ཉམས་འགྱུར་ལ་བལྟས་ནས་བསྡད།

 འགྱུར་མེད་ཀྱིས་ཡུད་ཙམ་ལ་འདང་ཞིག་བརྒྱབ་རྗེས་ཚིག་གཅིག་ཀྱང་མི་བཤད་པར་མགོ་བོ་ནང་དུ་ལྡེམ་ལྡེམ་འགའ་བྱེད།

 མཚན་མོ་ཉལ་ཁར། ཀུན་ཐར་གྱིས་སླར་ཡང་རང་གི་འཆར་གཞི་དང་བསམ་ཚུལ་མཐའ་དག་ཆུང་མ་ཀླུ་མོར་བཤད།

 ཀླུ་མོ་ཧབ་དགོད་ཅིག་བྱས་ཏེ“ཁྱོད་ལ་ཁྱིམ་དང་ཆུང་མ་མི་དགོས་སམ”ཟེར་བཞིན་སྐེ་གཅུས་ནས་བསྡད།

 “ལྟོས་དང་། འུ་ཚང་གི་ཆ་རྐྱེན་ལ་ལྟོས་དང་། ལག་སྣེ་ན་སྨན་རྡོག་འགའ་ཉོ་སྤྱད་ཀྱི་སྒོར་མོ་ཙམ་ཡང་མེད། ཁྱོད་ཀྱིས་ད་དུང་གནམ་ལ་སྦར་ཤད་བཏབ་ནས་སྡོད་རྒྱུ་ཡིན་ནམ།” ཀུན་ཐར་གྱི་སྐད་མགོ་ཡང་ཇེ་མཐོར་སོང་།

 “ཨེ། མི་བློ་མང་གིས་དོན་མི་འགྲུབ་ཟེར་བ་ཡིན། དེ་སྔོན་ཚེ་སྐྱིད་ཀྱི་ཁྱོ་ག་ཕྱི་ཕྱོགས་སུ་ཚོང་ལ་སོང་ནས་ཕྱིར་ལོག་རྒྱུ་མ་བྱུང་བ་མིན་ནམ།” ཆུང་མས་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་སྙིང་རླུང་སྟོད་ལ་བཙངས་ཏེ་ཞེ་སྡང་གིས་སྒྲོན་མེ་ལ་ཕུ་བཏབ་ཙ་ན། ཁང་བའི་ནང་དུ་དངོས་གནས་འཇིགས་ཡེར་བའི་མུན་པ་སྟུག་པོ་ཞིག་འཐིབས་སོང་།

 ཡུད་ཙམ་འགྱངས་རྗེས། ཀུན་ཐར་སླར་ཡང་ཁ་གྲགས་བྱུང་། “འགྱུར་མེད་ཀྱིས་ད་རག་བར་འུ་ཚང་ལ་གཡོག་བྱས་ནས་བསྡད་པ་རེད། ཁོར་ཡང་ཆུང་མ་ཞིག་མེད་ན……”

 ཆུང་མས་སྔར་བཞིན་ཁ་ཅི་ཡང་མི་གྲགས། ཁང་བའི་ནང་རེ་ཞིག་ལྷིང་འཇགས་སེར་གྱུར།

 གཉིས།

 ཉིན་འགའ་འགོར་རྗེས། སྡེ་བའི་ནང་དུ་གཏམ་གསར་བ་ཞིག་འུ་རུ་རུ་ཁྱབ་སོང་།

 “ཀུན་ཐར་གྱིས་རང་ཁ་མ་སོས་པར་ཕྱི་རོལ་ཏུ་ཆས་སོང་། ཧོ་ཧོ་ཧོ།”

 “ཁོས་ཆུང་མ་མེ་ཏོག་འདྲ་བ་དེ་བསྐྱུར་ནས་འགྲོ་ཕོད་དམ། སྡེ་བའི་མི་རྐྱང་ཚོས……”

 “འོ་ལོས། ཁོས་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་རྒྱུ་རེད་ཡ།”

 “ལས་ཐོད་པའི་ཁ་ཡིག་མེད་ན་རྒྱུ་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མི་རྟག ཧེ་ཧེ་ཧེ།”

 “འགྱུར་མེད་ལ་སྙིང་རེ་རྗེ། ཀུན་ཐར་ཚང་ན་ཤི་འཐབ་རོ་འཐབ་བྱེད་ཀྱིན་འདུག གླེན་ཞད་ཆེ་བ་ངོ་མ་རེད།”

 ངོ་མ། ད་ལྟ་འགྱུར་མེད་སྔོན་ཆད་ཕོ་གསར་ཚོ་འཚོགས་སའི་རྩེད་རའི་ནང་དུ་མཐོང་རྒྱུ་མེད་པར། རྒྱུན་དུ་བུད་མེད་ཚོའི་ཡུར་མ་ཡུར་སའི་ཞིང་ཁ་དང་བཏུང་ཆུ་ལེན་སའི་གྲམ་ཆུ་ཁ། བུད་ཤིང་འཐུ་སའི་ནགས་གསེབ་སོགས་སུ་ཆས་ཏེ། ཀླུ་མོར་ལས་ཀ་ལས་རོགས་བྱེད་བཞིན་མོའི་བདེ་འཇགས་ལ་ལྟ་རྟོག་བྱེད་ཀྱིན་མཆི།

 ཟླ་རེ་རེ་ནི་འགྱུར་མེད་ཁོ་ནས་ཕར་བསྐྱལ་བ་དང་། དུས་ཚིགས་རེ་རེ་ནི་འགྱུར་མེད་ཁོ་ནས་ཚུར་བསུ་བཞིན་ཡོད་པ་དང་འདྲ། སྡེ་བའི་ནང་དུ་སྔར་བཞིན་གནས་ཚུལ་གང་ཡང་མ་བྱུང་།

 ཀླུ་མོ་ཐབ་ཁུང་ཁར་ཙོག་སྟེ། མཛུབ་མོ་ཡང་ཡང་ནང་དུ་འགུགས་བཞིན་གྲངས་ཀ་ཅི་ཞིག་བགྲང་གིན་འདུག མཚམས་ཤིག་ལ་མོས་མིག་ཟུང་ག་ལེར་ཟུམ་སྟེ“རེད། འཆུགས་མི་འདུག ལོ་གཅིག་དང་ཟླ་བརྒྱད་ཏག་ཏག་འགོར་སོང”ཞེས་ཆིག་ལབ་ཅིག་རྒྱག་བཞིན་ཡར་ལངས་ཏེ་ལྷས་རའི་ནང་དུ་སོང་བ་དང་མགོ་བོ་དགྱེ་སྟེ་བར་སྣང་ལ་བལྟས།

 ཉ་གང་ཟླ་བ་ནི་གནའ་བོའི་ཅོང་རྙིང་ཆེན་པོ་ཞིག་དང་འདྲ་བར་བར་སྣང་གི་མཐོངས་སུ་ཁེར་རྐྱང་དུ་དཔྱངས་འདུག མཐའ་འཁོར་གྱི་རྒྱུ་སྐར་ཚོགས་ནི་རེས་གསལ་རེས་མོག་གི་ངང་ནས་འཚེར། ཚེས་བཅོ་ལྔའི་ཟླ་བ་འཆར་ཐེངས་རེར་ཀླུ་མོ་ལྷས་རའི་ནང་དུ་ཡོང་ནས་ཟླ་བའི་གཟུགས་བརྙན་ལ་ལྟ་བ་ནི་གོམས་སྲོལ་ཞིག་ཏུ་ཆགས་ཡོད། མོ་ལྷས་དཀྱིལ་དུ་འགྲེང་སྟེ་མིག་ཟུང་ཀླད་ལ་འཁོར་ཏེ་ཟླ་བའི་གཟུགས་བརྙན་ལ་ཡུན་རིང་ཅེར་བ་ན། མཚམས་ཤིག་ཏུ་ཟླ་བ་ཧྲིལ་བོ་དེ་མག་མོག་གི་ངང་དུ་རང་ལ་ཆ་རྒྱུས་ཆེས་ཆེར་ཡོད་པའི་ཁྱོ་གའི་ངོ་གདོང་དུ་འགྱུར་འགྲོ་བ་དང་། དེའི་མུར་ངོ་གདོང་དེས་འཛུམ་དམུལ་དམུལ་གྱི་སྒོ་ནས་མོ་ལ་མིག་བརྡ་ཁྱད་པར་བ་ཞིག་གཏོང་ངེས་ཡིན།  མིག་བརྡ་ནི་དེ་འདྲའི་སེ་གོལ་གཏོགས་ཙམ་གྱི་འགྱུར་བག་ཅིག་ཡིན་ན་ཡང་མིག་བརྡ་གཏོང་བའི་སྐད་ཅིག་མ་དེར་མོའི་ལུས་ཡོངས་ཀྱི་ཁྲག་རྒྱུན་རྣམས་ལམ་སང་གདོང་དུ་ཕྱོགས་པ་དང་། ཚོར་བ་ལྕི་མོ་ཞིག་གིས་མོ་རང་བཟི་བེར་བར་བཏང་འགྲོ། མོ་རང་ཚོར་བ་འདི་མྱོང་བར་ཤིན་ཏུ་དགའ།

 སྐབས་འདིར། འགྱུར་མེད་ནམ་རྒྱུན་དང་འདྲ་བར་རང་ཉིད་ཉལ་སའི་ཁང་ཆུང་དུ་གཉིད་དུ་ཡུར་འདུག ཕྱི་རོལ་ཏུ་སྲང་ཁྱི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཟུག་གིན་ཡོད་པས། ཁོའི་ནམ་རྒྱུན་གྱི་སྔུར་སྒྲ་ཡང་མོ་དེ་ཡང་ཐོས་མི་ཐུབ།

 ཀླུ་མོས་ཟླ་བའི་གཟུགས་བརྙན་ལ་རོལ་རྗེས། དྲན་གདུང་ཞིག་གིས་མནར་བཞིན་ཕྱིར་ཁང་ཁྱིམ་དུ་ལོག་པ་དང་། རུམ་ནས་མགོ་དཀྲི་སོ་མ་ཞིག་བཏོན་ཏེ་སྒྲོན་འོད་འོག་ཏུ་ལྟེབས་བཤིག་སྟེ་གཡས་ལྟ་གཡོན་ལྟ་བྱེད། མགོ་དཀྲི་དེ་ནི་ཉིན་འགའི་སྔོན་ལ་ཁྱོ་གས་ཕྱི་ནས་བསྐུར་ཡོང་བ་ཡིན་པས། མོས་སྔར་བཞིན་དཀྲིས་མ་ཕོད་པར་བདག་ཉར་བྱས་ཡོད།

 ཀླུ་མོས་མགོ་དཀྲི་ཕྱིར་ལྟེབས་དུས་ཁུད་དུ་མིག་ཆུ་རྡོག་པོ་འགའ་ལྷུང་འདུག་པ་ཚོར།

 ཟླ་བ་སྤྲིན་རུམ་དུ་འཛུལ་རྗེས། ཁང་བའི་ནང་དུ་མུན་པ་སྟུག་པོ་ཞིག་འཐིབས་བྱུང་། ཀླུ་མོ་ཐང་ཆད་དྲགས་ཏེ་སྒྲོན་མེ་གཟིམས་པའི་ཤུགས་ཀྱང་ཟད་པ་ལྟར་གྱུར་འདུག མོས་མགོ་བོ་སྔས་ལ་གླན་ཏེ་མིག་ཟུང་ནན་གྱིས་བཙུམས་ན་ཡང་། དོ་དགོང་ཉལ་ས་ལྷག་ཏུ་མི་བདེ་བའི་སྣང་བ་ཞིག་སྐྱེས་ཏེ་འགྲེ་ལྡོག་གང་མང་རྒྱག་དགོས་བྱུང་།

 ཀླུ་མོས་མཚམས་ཤིག་ལ་བུད་མེད་ཚེ་སྐྱིད་དྲན་བྱུང་། ཚེ་སྐྱིད་ནི་ལོ་གཉིས་ཀྱི་སྔོན་ལ་ཚེ་ལས་འདས་པ་ཡིན། ཉིན་དེར། ཀླུ་མོས་ཤུགས་ཀྱིས་ཚེ་སྐྱིད་ཀྱི་བེམ་པོར་འཐམས་ཏེ་ཡུན་རིང་ལ་ངུས། མོའི་སེམས་ལ་འཇིག་རྟེན་གྱི་བུད་མེད་དག་གི་འཆི་ཚུལ་གཏན་ནས་མི་འདྲ་སྟེ། ཁ་ཅིག་ནི་དགའ་རོགས་ཀྱི་ཕྱིར་དུ་ཤི་འགྲོ་བ་དང་། འགའ་ཞིག་ནི་བཟའ་ཟླའི་དོན་དུ་ཤི་འགྲོ་བ་ཡོད་ལ། དེ་གཉིས་ལས་ཕྱི་མ་ནི་ངོ་ཚ་ཁྲེལ་ཡོད་ཀྱི་འཆི་ཚུལ་ཞིག་རེད་བསམ་གྱིན་ཡོད།

 བུད་མེད་ཚེ་སྐྱིད་ནི་དངོས་གནས་བཟའ་ཟླའི་དོན་དུ་ཤི་བ་ཞིག་ཡིན། ཁྱོ་གས་མོ་དང་བྱིས་པ་གསུམ་པོ་བསྐྱུར་ཏེ་ཕྱི་རོལ་ཏུ་ཚོང་ལ་སོང་རྗེས་ལོ་ངོ་བརྒྱད་འགོར་ཡང་ཕྱིར་མ་ལོག ཁ་ཅིག་གིས་ལྷ་སར་སྐུགས་ལ་ཞུགས་འདུག་ཟེར་ཞིང་། འགའ་ཞིག་གིས་ལྷ་སའི་ལམ་བར་དུ་འཁོར་བགེགས་བྱུང་ནས་ཤི་སོང་བར་བསྙད། གཏམ་ངན་དེ་དག་ཐོས་པ་ནས་བཟུང་མོ་ལ་རིམ་གྱིས་སྙིང་ནད་བྱུང་བ་དང་། སྨན་ཁང་དུ་ཡང་སྡོད་མ་ཐུབ་པར་མཐའ་མར་སྐྲ་དང་སྨིན་མ་དག་དཀར་བོར་གྱུར་ཅིང་ཉལ་སར་ལྷུང་ནས་ཚེ་ལས་འདས། ཚེ་སྐྱིད་འཆི་སྐབས་གདོང་ལ་འཛུམ་གྱིས་ཁེངས་ཏེ་མིག་གིས་རྒྱང་རིང་ཞིག་ལ་ཅེར་འདུག་པར་གྲགས་ཤིང་། དེ་ནི་མོས་འཆི་ཁར་ཁྱོ་བོ་ལན་གཅིག་མཐོང་བྱུང་བ་ཡིན་ཟེར། ཕྱིས་སུ། གཉེན་ཉེ་ཚོས་བླ་མ་དང་གྲྭ་པ་རེ་གཉིས་ཞུས་ཏེ་གཤིན་ཆོས་སྟབས་བདེ་ཞིག་བསྒྲུབས་ཤིང་། ཀླུ་མོས་ཀྱང་ད་རག་བར་དུ་མོའི་རྗེས་སུ་ཉིན་རེར་བསྔོ་བ་སྨོན་ལམ་རྒྱུན་ཆད་མ་མྱོང་།   ……

 “ཙིར—” གློ་བུར་དུ། ཁང་བའི་སྒོ་ཕྱེ་བའི་སྒྲ་ཞིག་གིས་ཀླུ་མོ་འདས་དོན་གྱི་ཀློང་ནས་ཡེ་རེར་དྲངས་སོང་།

 “སུ་ཡིན།” ཀླུ་མོས་སྙིང་ཆུང་ལྡིང་བའི་བྲང་ག་ལག་པས་སྐྱོར་བཞིན་མགོ་བོ་ཀྲོག་སེར་བཀྱགས་ཏེ་བལྟས་པར། འཇིགས་ཡེར་བའི་གྲིབ་གཟུགས་ནག་པོ་ཞིག་མོའི་གམ་དུ་བཅར་བྱུང་།

 གསུམ།

 ཉིན་དེ་དག་གི་རིང་ལ། སྡེ་བའི་ནང་དུ་འགྱུར་མེད་མཐོང་རྒྱུ་མི་འདུག ཉིན་འདིར། སྡེ་མི་ཀུན་གྱི་བློ་ཡུལ་ལས་འདས་པ་ཞིག་ལ། རྫོང་གི་སྤྱི་བདེ་མི་སྣ་འགའ་ཡོང་ནས་སྡེ་དཔོན་འཛིན་བཟུང་བྱས་སོང་། སྡེ་བའི་མི་རྣམས་ཟང་ཟིང་ལང་ལོང་དུ་སྒོར་བུད་པ་དང་། ཚང་མས་སྡེ་དཔོན་གྱི་གདོང་ན་གྲི་ཤུལ་གྱི་རྨ་ཁ་གསར་བ་འགའ་འདུག་པ་མཐོང་ནས་ལྐོག་ཏུ་ལབ་གླེང་དི་རེར་བྱེད།

 ཕྱི་ཉིན་ནམ་གསལ་མ་ཐག ས་གཞི་ཡོངས་སུ་ཁ་བས་གཡོགས་འདུག ཀླུ་མོས་སྔར་ནས་གྲ་སྒྲིག་བྱས་པའི་གོ་རེ་ཁུག་མ་གང་བོ་རྒྱབ་ཏུ་ཁུར་ཏེ་རྫོང་གི་སྨན་ཁང་དུ་ཆས། མོའི་མིག་ཟུང་གི་མཐའ་འཁོར་སྐྲང་ཞིང་མིག་རྩ་ཡོངས་རྫོགས་དམར་པོར་གྱུར་འདུག

 མཁའ་མཐའ་ནས་ཉི་མ་ག་ལེར་གྱེན་དུ་འཕགས་བྱུང་། ཐལ་མདོག་གི་སྤྲིན་པས་ནམ་མཁའ་གཡོགས་ཏེ་ཉི་ཟེར་གྱི་ཁ་དོག་རབ་རིབ་ཏུ་བསྒྱུར། ལྷགས་རླུང་གིས་ཁ་བའི་ཟེགས་མ་ཀླུ་མོའི་ངོ་གདོང་ལ་གཏོར་ཞིང་། མོའི་མིག་འབྲས་དམར་པོར་ན་ཟུག་བསྐྱེད། ཁྭ་ཏ་ཞིག་གིས་གློ་བུར་དུ་ཀླུ་མོའི་མགོ་ཐོག་ནས“ཨ་བ—ཨ་བ—”ཞེས་སྒྲོག་ཞིར་ནག་ཡུག་སེར་རྒྱང་རིང་དུ་འཕུར་བ་ན། ཀླུ་མོར་རྣམ་རྟོག་ཅིག་སྐྱེས་ཏེ“ཨ་ཐན་བྱ་ཀན”ཟེར་ཞོར་གོམ་པ་ལྗིད་ཏིག་ཏིག་ཏུ་སྤོ་བཞིན་མདུན་དུ་སྐྱོད།

 དཀར་བོང་བོང་གི་ས་གཞིའི་སྟེང་དུ་ཀླུ་མོའི་རྐང་རྗེས་ཁོ་ན་རྒྱང་རིང་དུ་འཐེན་འདུག  དེ་ནི་ཤོག་ལེབ་དཀར་པོ་ཞིག་གི་སྟེང་དུ་ཆིག་ཤད་རིང་བོ་ཞིག་བཀོད་པ་དང་མཚུངས།

 བཞི།

 ལོ་གསར་ལ་ཉེ་སྐབས། ཀུན་ཐར་གྱིས་ཞོར་ལས་མཇུག་རྫོགས་ཏེ་སྡེ་འདབས་ཀྱི་ཉག་ག་ནས་མངོན་བྱུང་། ཁོའི་ལག་ཏུ་སྒྲ་སྡུད་འཕྲུལ་ཆས་ཤིག་བསྣམས་ཡོད་པ་དང་། རྗེས་སུ་སྐྱེས་མ་ཞིག་འབྲངས་འདུག་ལ་ཕར་བལྟས་ཚོད་ཀྱིས་མོ་ལོ་ཉི་ཤུར་བུད་མ་ཐག་ཙམ་ལོས་ཡིན་སྙམ་པ་ཞིག་འདུག

 “བུ་མོ་འདི་སུ་རེད།” ཀླུ་མོས་སྐད་གཉོམ་པོས་དྲིས།

 “མོ་ནི་འུ་ཚང་གི་མནའ་མ་ཡིན།” ཀུན་ཐར་གྱིས་ང་རྒྱལ་གྱི་ཉམས་ཤིག་གིས་བཤད།

 ཀླུ་མོའི་མིག་ལ་དེ་མ་ཉིད་དུ་མཆི་མ་ཀོ་རོ་རོ་འཁྱིལ་ཏེ“འགྱུར་མེད་ཤི་སོང་། ངའི་དོན་དུ……”ཟེར་བཞིན་ཤུགས་ཀྱིས་ངུས་བྱུང་།

 ……

 

 

 

 • 顶 0