སེམས་པ་ངལ་དུས་ཤིག་ལ།

2016-12-13
392

  སེམས་པ་ངལ་དུས་ཤིག་ལ། 

             རྩོམ་པ་པོ། གཡུ་རྔོག་ལུང་རྟོགས། 

  སེམས་པའི་ཉིན་སྲིབ་ནས་རྡུལ་འཚུབ་འཁྲིགས་ཏེ།། 

  སྐྱོ་བ་ནར་ནར་གྱིས་ལུས་སེམས་ངལ་བས།། 

  ཚོར་བའི་སྒེའུ་ཡོལ་དེ་ཤུགས་ཀྱིས་འབྱེད་ནས།། 

  སྐྱོ་རོགས་ན་ཆུང་ཞིག་འཛུམ་གྱིས་བསུས་པ།། 

  དབྱངས་ཀྱི་བདག་མོ་ཞིག་ཡིན་ཚོད་འདུག་སྟེ།། 

  སྡུག་བསྔལ་རལ་བོ་དག་ཧྲིལ་གྱིས་བཀྲུས་ཤིང་།། 

  སྨྲེང་བའི་སྤྲིན་པ་དག་དུམ་བུར་བཅད་དེ།། 

  བརྩེ་བའི་ཉི་ཟེར་གྱི་ལག་ཟུང་འཇམ་པོས།། 

  ང་ཡི་ཕུང་བོ་ལྔ་བདེ་བའི་མལ་དུ།། 

  མིག་གི་སྐར་ཁུང་དུ་གཟུགས་ཀྱི་མཁར་བཞེངས།། 

  རྣ་བའི་བུ་ག་རུ་དབྱངས་ཀྱི་མཛོད་བསྐྱིལ།། 

  ལུས་ཀྱི་བ་སྤུ་ལ་ཚོར་བས་བྲོ་བརྡུང་།། 

  འཕྲུལ་སྣང་མེ་ལོང་གི་འཇིག་རྟེན་གཉོམ་པོར།། 

  དཔའ་མཛངས་དཀྱིལ་ཀྲུང་གི་མདུད་པ་དཀྲིས་ཡོད།། 

  དུས་ཀྱི་རླུང་བུ་དག་རྡོག་པ་བརྐྱངས་ཀྱང་།། 

  དུར་གྱི་གཅེར་བུ་དག་ལྐོག་ཉན་སླེབས་ཀྱང་།། 

  གཤིན་རྗེ་ཕོ་ཉའི་ཚོགས་ར་མདར་སྤྲད་ཀྱང་།། 

  སེམས་ཀྱི་མེ་ལོང་ངོས་མག་མོག་སྣང་བའི།། 

  ང་ཡི་འཇིག་རྟེན་དུ་ལས་ཀྱི་རླུང་བུས།། 

  མཛེས་འཛུམ་མེ་ཏོག་གི་ཞལ་རས་བྱུག་པའི།། 

  ཨ་ཅག་སྣང་ས་རང་ཡོད་པས་ཆོག་གོ། 

    

  ཨ་ཅག་སྣང་ས་ཡི་ཆུ་ཟོམ་ནང་དུ།། 

  ང་ཡི་འཇིག་རྟེན་གྱི་སྐྱིད་སྡུག་བཅུས་ཡོད།། 

  མི་ཚེའི་བགྲོད་ལམ་གྱི་སྐས་གདེང་ངོགས་སུ།། 

  གྲིབ་མ་རབ་རིབ་ཀྱིས་འབྱར་བའི་གྲོག་མ།། 

  སེམས་ཀྱི་མེ་ལོང་ངོས་གོམ་འགྲོས་འཁྱར་འཁྱོར།། 

  གྲོགས་ཀྱི་དྭངས་མ་ལ་ལམ་ནས་འཕྲད་ཅིང་།། 

  རིགས་པའི་ལྡེམ་མྱུར་ལ་རྩལ་ཤུགས་རྒྱས་པའི།། 

  རིགས་ཀྱི་བདེ་སྡུག་ལ་སེམས་ཚེགས་ཆེ་བའི།། 

  གྲོག་མ་ཆུང་ཆུང་འདིའི་རྒྱབ་གཟུགས་ངོས་སུ།། 

  ང་རང་འདང་རྒྱག་གི་མཚོ་མོར་བྱིངས་སོ།། 

  • 顶