རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བསྒྱུར་རྩོམ་རིང་མོ《འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ》། ༣

2015-06-23
167

འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ།  

ཁྲུ་ཙེ་ཇན་གྱིས་བརྩམས།(རྒྱ་རིགས) 

སྟག་འབུམ་རྒྱལ་གྱིས་བསྒྱུར།

ལེའུ་གསུམ་པ། འདྲེ་བཤད་བྱེད་པའི་ཁྲོམ་སྲང་། 

   མགྲོན་ཁང་གི་བདག་མོས་ངས་ཁོ་མོར་སྲུ་མོ་ཀྲོའུ་ཨེར་ལགས་ཞེས་བོས་དང་ཆོག་ཟེར། རྒྱུ་མཚན་ནི་ཁོ་མོའི་ཁྱོ་གའི་མིང་ལ་ཀྲོའུ་ཨེར་ཟེར་བ་ཡིན་འདུག  ང་ཚོ་ཞིབ་འཇུག་ཁང་གི་ཞའོ་དབྱི་མེ་ནི་མོ་དབང་བརྩོན་ལེན་མཁན་ཞིག་ཡིན་པས་ཁོ་མོ་དཔྱད་རྩོམ་ཞིག་ཏུ་འདི་ལྟར་བྲིས་ཡོད་དེ།    ཀྲུང་གོའི་བུད་མེད་ཀྱི་ཐོབ་ཐང་དམའ་བ་དེ་མིང་འབོད་ཚུལ་གྱི་ཐོག་ནས་ཀྱང་མངོན་པར་རྟོགས་ཐུབ་སྟེ།  བུད་མེད་དག་གིས་གཉེན་སྒྲིག་བྱས་ཏེ་བུ་ཕྲུག་བཙས་པའི་རྗེས་སུ་རང་མིང་ངོ་མ་དེ་ཡོད་ན་ཡང་སྲོལ་རྒྱུན་གྱི་འདམ་བག་དང་སྐྱེས་པའི་དབང་ཤུགས་ཀྱི་ཆུ་རྒྱུན་གྱིས་གཙང་མར་བཀྲུས་འགྲོ།  ཁོ་མོ་ཚོའི་རུས་ངོ་མ་དེ་ཁྱོ་གའི་རུས་སུ་མ་བསྒྱུར་ན་ཡང་འབོད་པའི་དུས་སུ་འགྱུར་ལྡོག་བྱུང་སྟེ་སྐྱེས་པའི་དབང་ཤུགས་ལ་བསྟུན་པའམ་དེ་ཉིད་ཀྱིས་བཏུལ་ཟིན་པའི་ཚོར་བ་མངོན་པར་གྱུར་ཡོད་པས།  ཁོ་མོས་བལྟས་ན་དེ་ནི་ཧ་ཅང་རྨོངས་བརྟུལ་དང་བུད་མེད་དག་ལ་བརྙས་བཅོས་བྱས་པ་ཞིག་རེད་ཟེར།  ཞའོ་དབྱི་མེ་ཡི་མིང་ངོ་མར་ཞའོ་ཡིའུ་མེ་ཟེར་མོད་ཁོ་མོའི་ཁྱོ་གའི་མིང་གི་ནང་དུ་ཡང་"ཡིའུ་"ཡིག་ཅིག་ཡོད་པས་"ཞའོ་དབྱི་མེ་"ཞེས་པར་བརྗེ་བ་རེད།  ཁོ་མོས་བཤད་ན་བུད་མེད་ཚོས་རང་ཉིད་ཀྱི་ཁྱོ་གའི་རུས་མིང་ལ་སྦྱར་བའི་འབོད་མིང་དང་ལེན་བྱེད་པ་ནི་བྲན་གཤིས་སུ་གྱུར་བའི་མཚོན་རྟགས་རེད་ཟེར།   ཡིན་ཡང་ང་ནི་རང་ཉིད་ཆེས་དགའ་བའི་མི་དེའི་བྲན་གཡོག་བྱེད་འདོད།  ཡིད་ཕངས་པ་ལ་མི་དག་གིས་ང་རང་འབོད་སྐབས་ངའི་འབོད་མིང་གི་ཁྲོད་དུ་སྒྱུ་འཕྲུལ་མཁན་པོའི་མིང་སྦྱོར་མཁན་གཅིག་ཀྱང་མི་འདུག 

   ཀྲོའུ་ཨེར་ནི་སྔོན་ཆད་གཏེར་ཁུང་གི་བཟོ་བ་ཡིན་མོད། ཐེངས་ཤིག་ལ་སོལ་རླངས་འབར་གས་བྱུང་བའི་དོན་རྐྱེན་ཁྲོད་ཁོ་རང་མི་བདུན་གྱི་ཁྲོད་ནས་སྲོག་ལས་ཐར་བར་གྱུར་བ་གཅིག་པུ་ཡིན་ཞིང་། ངོ་གདོང་ལ་བསྲེགས་རྨས་ལྗི་མོ་ཐེབས་ནས་ཁ་ངོ་ཧྲིལ་བོ་རྨ་ཤུལ་གྱིས་ཁེངས་པས་འཆི་བདག་གི་ཁ་ནས་ཐར་བའི་ཀྲོའུ་ཨེར་དེ་ནས་བཟུང་གཏེར་ཁུང་དུ་འཛུལ་འདོད་མེད་པར་གྱུར་ཅིང་། རྨས་ཕོག་གསབ་དངུལ་གྱིས་ཆུང་མ་དང་ལྷན་དུ་མགྲོན་ཁང་དང་སྲན་ཕྱུར་ཁང་གཉེར་བ་སྟེ།  ཀྲོའུ་ཨེར་གྱིས་སྲན་ཕྱུར་ལས་ནས་ཁྲོམ་སྲང་དུ་ཁྱེར་ནས་འཚོང་བ་དང་སྲུ་མོ་ཀྲོའུ་ཨེར་གྱིས་མགྲོན་ཁང་གཉེར་བ་ཡིན་འདུག  ཀྲོའུ་ཨེར་ཉིན་རེའི་ནངས་མོ་དུས་ཚོད་གསུམ་བཞིའི་ཐོག་ནས་མལ་ལས་ལངས་ཏེ་བོང་བུ་རང་འཐག་འདྲུད་དུ་བཅུག་རྗེས་སྲན་ཕྱུར་འགའ་རེ་ལས་པ་རེད།  ཀྲོའུ་ཨེར་ནི་སྲན་ཕྱུར་འཚོང་དུ་སོང་ནས་ཉིན་གང་བོར་ཁྱིམ་དུ་མི་ལོག   དོན་ངོ་མར་ཉིན་གུང་གི་སྔོན་དུ་སྲན་ཕྱུར་འཁྱེར་སྣོད་སྟོང་བར་གྱུར་འགྲོ་ཡང་ཁོ་རང་དེ་མ་ཐག་ཏུ་ཕྱིར་ཁྱིམ་དུ་མི་ལོག་པར་ལྷམ་བཟོ་བྱེད་མཁན་དང་སྤྱིར་བཏང་གི་ཁ་བརྡ་བྱེད་པའམ།  ལྕགས་རྟ་ལས་མཁན་དང་ལྷན་དུ་འགྱིག་འདེད་པ་སོགས་བྱས་ཏེ་ཁྲོམ་སྲང་ནས་ཉི་མ་འཁྱོལ་ཐབས་བྱེད། སྲུ་མོ་ཀྲོའུ་ཨེར་གྱིས་ངས་འདྲེ་ཡི་སྐོར་གཏམ་རྒྱུད་འཚོལ་སྡུད་བྱེད་ཀྱིན་པ་ཐོས་འཕྲལ་ང་ལ་བཤད་རྒྱུར།  དེ་ལ་ཁྱོད་ཉིད་ཁྱིམ་སྒོ་ཉུལ་ནས་འགྲོ་དགོས་དོན་མེད། ཀྲོའུ་ཨེར་ལ་འགྲོགས་ནས་ཁྲོམ་སྲང་དུ་སོང་དང་།  ཉིན་་རེར་འདྲེ་ཡི་གཏམ་རྒྱུད་མང་བོ་ཉན་ཐུབ་པ་ཡིན་ཟེར།   ཀྲོའུ་ཨེར་གྱིས་མིག་ཅེར་ཏེ་སྲུ་མོ་ཀྲོའུ་ཨེར་གྱི་གདོང་ལ་ལྟ་བཞིན་དུ་ན་རེ།  རྒན་མོ་ཞུན་ལགས་ཡོད་ཚེ་ཅི་འདྲའི་ལེགས་པ་ལ་ཨང་།  ཁོ་མོས་བཤད་པའི་འདྲེ་ཡི་གཏམ་རྒྱུད་ལ་ཧ་ཅང་ཉན་རྒྱུ་ཡོད་མོད་ཕངས་པ་ལ་ཁོ་མོ་ཡང་འདྲེ་རུ་གྱུར་ཟིན་པ་རེད།   རྒན་མོ་ཧྲི་སན་ལགས་ཀྱང་འདྲེ་བཤད་བྱེད་རྒྱུར་དགའ་མོད་ཁོ་མོ་རྒན་མོ་ཞུན་དང་བསྡུར་ཐབས་མེད་མོད།  འོན་ཀྱང《གདོན་འདྲེ་མཚར་སྒྲུང》ཁྲོད་ཀྱི་ཝ་འདྲེའི་གཏམ་རྒྱུད་དམ་བསྐྱར་དཔར་བྱས་པ་དང་འདྲ་ཟེར། 

   ང་རང་ཀྲོའུ་ཨེར་དང་འགྲོགས་ནས་ཁྲོམ་སྲང་དུ་སོང་། 

   ཀྲོའུ་ཨེར་གྱི་གཟུགས་པོ་ཆེ་རྒྱུ་མི་འདུག   ཁོ་རང་ལ་ཤེད་ཤུགས་ལྡན་ན་ཡང་འདེགས་ཤིང་གིས་སྲན་ཕྱུར་ཁུར་ནས་འགྲོ་དུས་ཡོ་ཞིང་འཁྱལ་བར་བྱེད། ང་ནི་ཁོའི་རྗེས་སུ་འབྲངས་ཡོད་པས་་མི་གཞན་གྱིས་ཁོ་ལ་འཚམས་འདྲི་བྱེད་པའི་སྐད་ཆ་རྒྱུན་ཆད་མེད་པར་ཐོས་འོང་།ཀྲོའུ་ཨེར།  སྲན་ཕྱུར་འཚོང་དུ་འགྲོ་བ་ཡིན་ནམ། ཞེས་འདྲི་བར་བྱེད་ལ།  ཀྲོའུ་ཨེར་གྱིས་ཀྱང་ཁོ་ཚོར་སྲན་ཕྱུར་འཚོང་དུ་འགྲོ་རྒྱུ་ཡིན་ཞེས་པའི་ལན་གཅིག་པུ་འདེབས་རྐྱང་བྱེད།  འགའ་རེས་ད་དུང་ཁོ་ལ་ཀུ་རེ་རྩེ་སྟེ།  ཀྲོའུ་ཨེར།  ཁྱོད་ནི་ཅི་འདྲའི་ངར་བོ་འདུག་ཨང་། ཉིན་མོ་རང་ཉིད་ཀྱི་སྲན་ཕྱུར་ཟ་བ་དང་མཚན་མོ་ཆུང་མའི་སྲན་ཕྱུར་ཟ་བཞིན་ཡོད་པ་རེད།  ངོ་མ་བསོད་ནམས་ཆེ་བར་འདུག་ཟེར།  ཀྲོའུ་ཨེར་གྱིས་མཆིལ་མ་ཞིག་སར་འཕངས་ནས་བློ་སྤོབས་ཆེན་པོའི་ངང་ནས་ན་རེ། ངས་ནི་ཉིན་མཚན་གཉིས་སུ་ཟ་བ་ཡང་རང་ཁྱིམ་གྱི་སྲན་ཕྱུར་ཡིན་པས་ཁྲིམས་དང་འགལ་བ་མ་རེད།  ཁྱོད་ཀྱིས་ཉོག་གཏམ་ཅི་ཞིག་བཤད་ཀྱིན་ཡོད་ཟེར། 

    ཉི་མ་ནི་ཡར་འཕགས་ཟིན་འདུག་ན་ཡང་ནག་ཤར་རེར་ཡོད་པའི་ཞོགས་སྤྲིན་གྱི་གསེབ་ཏུ་ཚུད་འདུག་པས་གསར་དུ་བཏོག་པའི་གསེར་མདོག་གི་ཚ་ལུ་མ་ཞིག་ཐལ་གཞོང་དུ་ལྷུང་བ་དང་གཉིས་སུ་མ་མཆིས།  མཁའ་དབུགས་ཀྱི་ཁྲོད་དུ་རྡོ་ཐལ་གྱིས་ཁེངས་འདུག་པས་མིད་ཐག་འཚངས་ཏེ་སྐམ་ལུ་བྱེད་པ་མཚམས་མི་ཆད།  ཀྲོའུ་ཨེར་གྱིས་ང་ལ་བཤད་རྒྱུར།  ཝུའུ་ཐང་ནས་ལོ་གཅིག་གི་ནང་དུ་ཉིན་འགའ་རེར་མ་གཏོགས་ནམ་མཁའ་སྔོན་པོ་དང་སྤྲིན་པ་དཀར་བོ་མཐོང་མི་ཐུབ་པས་ནམ་མཁའ་ནི་ནམ་ཡང་དག་གཙང་དུ་བཀྲུ་མི་ཐུབ་པའི་ལྭ་བ་རྙིང་བ་ཞིག་བསྐམས་ཡོད་པ་དང་མཚུངས།  ཝུའུ་ཐང་གི་མི་སུས་ཀྱང་ཚི་ལེན་དཀར་བོ་གོན་མི་ཕོད་པར་མ་ཟད་ད་དུང་མི་མང་བོ་ཞིག་གི་གློ་བ་དང་མིད་ཐག་ནད་པ་ཡིན་ཟེར།  ངས་ཀྲོའུ་ཨེར་ལ་མཐའ་འཁོར་འདིར་གཏེར་ཁུང་ག་ཚོད་ཡོད་ཅེས་དྲིས་པ་ན།   ཀྲོའུ་ཨེར་གྱིས་སོ་འཆའ་བཞིན་དུ་ཆེ་ཆུང་གཉིས་ཀར་ཉི་ཤུ་རྩ་གྲངས་ཡོད་ཟེར།  ངས་ཁོ་ལ་སྲིད་གཞུང་གིས་ཤུགས་བསྣན་ནས་སོལ་གཏེར་འདོན་ཁུང་ཆུང་གྲས་དག་ལ་ཚོད་འཛིན་བྱེད་ཀྱིན་པ་མིན་ནམ་ཞེས་དྲིས་པ་ན།  ཀྲོའུ་ཨེར་གྱིས་མཆུ་ཏོ་གཅུ་བཞིན་དུ་ན་རེ།   བརྙན་འཕྲིན་དང་ཚགས་པར་གྱི་སྟེང་དུ་དེ་ལྟར་བཤད་ཀྱིན་འདུག་མོད།  དོན་དངོས་ཐོག་དོན་དག་ཆེན་པོ་མ་བྱུང་ན་གཏེར་ཁུང་ཆུང་གྲས་དག་ཀྱང་ཚར་གཅོད་བྱེད་ཐུབ་ཀྱིན་མི་འདུག   གཏེར་ཁུང་ཆུང་བ་སྤེལ་མཁན་དག་ལས་སུ་ཞིག་མགོ་ཁྲིད་མཐོན་པོ་དག་གི་ཉེ་ཚན་དང་བཟང་གྲོགས་མ་རེད་དམ།   དེ་དག་ནི་རང་ཁྱིམ་ལ་གསེར་གྱི་གཏེར་ཁ་ཞིག་བསྒྲུབས་པ་དེ་རེད།  རྡོ་སོལ་བཟོ་བ་དག་གི་ཚེ་སྲོག་ཧ་ཅང་ཉག་ཕྲ་བར་འདུག  ལོ་འགའི་སྔོན་ལ་དོང་ཞབས་ནས་དོན་རྐྱེན་བྱུང་སྟེ་ཤི་བ་དག་ལ་ཡང་སྒོར་ཁྲི་རེ་བྱིན་ཏེ་གྲགས་འགུལ་མེད་པར་བྱས་པ་རེད།   ད་ལྟ་གསབ་དངུལ་སྟེར་རྒྱུ་ཇེ་མང་དུ་བཏང་འདུག་ན་ཡང་སྒོར་ཁྲི་གཉིས་གསུམ་ལས་བརྒལ་མི་འདུག་པས་ཚེ་སྲོག་དང་བསྡུར་ན་ཅི་ཡང་མ་རེད་ཨང་།  མི་ཤི་རྗེས་གསབ་དངུལ་དུ་སྒོར་མོ་འགའ་བྱིན་ཚེ་སུས་ཀྱང་དོན་དག་ལ་རྩར་གཅོད་བྱེད་ཀྱིན་མི་འདུག མི་དག་སྔར་བཞིན་གཏེར་ཁུང་དུ་འཛུལ་གྱིན་འདུག་ལ། མགོ་བ་ཚོས་ཀྱང་དེ་བཞིན་དུ་སྒོར་མོ་འཚོལ་གྱིན་ཡོད་པ་རེད་ཟེར། 

    བཤད་པ་ལྟར་ན་ཀྲོའུ་ཨེར་གཏེར་ཁུང་དུ་འཛུལ་ནས་ལོ་དྲུག་ལ་རྡོ་སོལ་བརྐོས་པ་ཡིན་ཟེར།  ངས་ཀྱང་ཞོར་དུ་གཏེར་ཁུང་ནང་དུ་འཛུལ་བའི་ཚོར་སྣང་ཅི་འདྲ་ཡིན་པ་ཁོ་ལ་དྲིས་པ་ཡིན། 

    ཀྲོའུ་ཨེར་གྱིས་བཤད་རྒྱུར།  ཚོར་སྣང་ཅི་ཞིག་ཡོད་དམ།   ཉིན་རེའི་ནངས་མོ་རང་ཁྱིམ་དང་ཁ་གྱེས་ཁར་ཆུང་མ་དང་བུ་ཕྲུག་ལ་འཁྲེང་བཞིན་དུ་ཐེངས་འགའ་རེར་ཞིབ་ལྟ་བྱེད་དགོས་འདུག  གཏེར་ཁུང་དུ་འཛུལ་ཚེ་ཕལ་ཆེར་བར་དོའི་ཁམས་ལ་གོམ་པ་སྤོས་ཟིན་པ་རེད།  ཕར་སོང་ནས་རང་ཉིད་འཚམས་པོ་བདེ་མོའི་ངང་ཕྱིར་ལོག་ཐུབ་མིན་སུ་ཞིག་གིས་ཤེས་སམ།  གཤིན་རྗེ་རྒྱལ་བོས་ཁྱོད་ཀྱི་མིང་ཡིག་སྟེང་དུ་སྨྱུ་གུས་འཁྱུག་ཙམ་བྱས་ཚེ་ཁྱོད་རང་ཚེ་གང་བོར་ས་འོག་ནས་འདུག་དགོས་བྱུང་བ་རེད། ངོ་མ་ཁྱི་སྐྱག་གི་བྱ་བ་ཞིག་རེད་ཟེར། 

    ཀྲོའུ་ཨེར་གྱིས་ཁ་ནས་སྡིགས་ཞོར་དུ་ཕྲག་གི་འདེགས་ཤིང་སར་ཕོག་པ་ན་ཟ་ཁང་ཆུང་བ་ཞིག་གི་བདག་མོས་ཁོ་རང་བོས་ཏེ་སྲན་ཕྱུར་ལེབ་མོ་ལྔ་དགོས་ཟེར།   བདག་མོའི་དེའི་གཉིད་དྭངས་མེད་པ་མངོན་གསལ་རེད་དེ། ལན་བུར་ཤད་རྒྱག་བྱས་མེད་པ་དང་། གཞི་སེར་བོར་མེ་ཏོག་སྔོན་པོ་ཅན་གྱི་ཉལ་ཤམ་ཁོད་ཡངས་ཤིག་གོན་ཞིང་།  འདྲུད་ལྷམ་དྲུད་ནས་གླལ་རྒྱངས་བར་མེད་དུ་བྱེད་ཀྱིན་འདུག ཀྲོའུ་ཨེར་གྱིས་ལྡེམ་མྱུར་དང་བཅས་སྲན་ཕྱུར་ལྟེབས་ནས་བུད་མེད་དེས་ཁྱེར་ཡོང་བའི་བ་མའི་ནང་དུ་བཞག་པ་ན།   སྲན་ཕྱུར་གྱི་ཤ་ཤུན་ལ་སྣུམ་ཞག་ལྡན་པས་ཅལ་སྒྲ་དང་བཅས་བ་མའི་གཏིང་དུ་ལྷུང་མ་ཐག་ཏུ་ཞབས་སུ་སྤྲི་མདོག་གི་ཆུ་ཞིག་འཁྱིལ་བྱུང་།  བུད་མེད་དེ་གློ་བུར་དུ་ཧ་ཧ་ཟེར་ནས་བགད་བྱུང་།  ཁོ་མོས་དགོད་བཞིན་དུ་ཀྲོའུ་ཨེར་ལ་བལྟས་ནས་།  ཨ་ཇོ་ཀྲོའུ་ཨེར་ལགས་།  ཁྱོད་ཀྱིས་བལྟས་ན་ངའི་བ་མ་འདི་སྲུ་མོ་ཅཱང་པེ་དང་ཨེ་འདྲ་འདུག  འདིའི་ནང་དུ་ཞོག་ཁོག་བཅུག་ཀྱང་ཆོག་ལ་སྲན་ཕྱུར་བཅུག་ཀྱང་ཆོག་པ་དང་། སྦལ་ཤུན་སྦངས་ཀྱང་ཆོག་ལ་ལ་ཕུག་ཤར་མོ་བཞག་ཀྱང་ཆོག་པ་རེད། དངོས་གནས་སྲ་མོ་དང་སྙི་མོ།  དཀར་བོ་དང་ནག་པོ་སོགས་ཁྱད་མེད་དུ་བཅུག་ཆོག་པ་རེད།   ངས་ཐོས་པ་ལྟར་ན་མདང་དགོང་ཡང་ཁོ་མོས་ཆང་ཁང་དུ་འཁྲུག་ཟིང་བཟོས་ཤིང་། ཝང་རྫ་མ་ཁྲིད་ནས་ཁོང་ཚང་ལ་བུད་སོང་ཟེར།   ཁྱོད་ཀྱིས་ཤོད་དང་། ཝང་རྫ་མ་ལོ་དྲུག་ཅུར་སོན་པའི་རྒན་པོ་ཞིག་ཡིན་པར་མ་ཟད་ངོ་གདོང་བོང་བུ་ལས་ཀྱང་ནག་ལ།  ཉིན་བཞིན་དུ་གད་སྙིགས་འཐུས་ནས་ལོ་གཅིག་གི་ནང་དུ་ཐེངས་གཅིག་ལ་ཡང་ཁྲུས་བྱེད་ཀྱིན་མེད་པས།  ཁོ་དང་ལྷན་དུ་ཉལ་བ་ནི་སྤྱོད་ཁང་དུ་ཉལ་བ་ཁྱད་པར་ཅི་འདུག་ཨང་ཟེར། 

    བུད་མེད་དེས་དེ་ལྟར་སྲུ་མོ་ཅཱང་པེར་དཔྱད་འཇོག་བྱས་པས་ཀྲོའུ་ཨེར་ཅུང་ཁྲོས་པར་གྱུར་སོང་།  ཁོས་ལན་དུ།  ཁྱོད་ཀྱིས་ཀྱང་རང་ཉིད་དེ་འདྲའི་གཙང་མ་ཡིན་སྙམ་གྱིན་ཡོད་དམ།  ཁྱོད་ཚང་གི་ལིག་ཀྲིན་གྱིས་རླངས་འཁོར་རྒྱང་བཞུད་བྱས་པའི་ཤུལ་དུ་ཀྲུའུ་ཕག་སུག་ནམ་རྒྱུན་ཁྱོད་ཀྱི་སར་ཡོང་ནས་ཆང་འཐུང་གིན་པ་མིན་ནམ།   ཞག་གང་བོར་སྡོད་ཀྱིན་འདུག་པ་སུ་ཞིག་གིས་མི་ཤེས་སམ།   ཁྱོད་ཚོ་བུད་མེད་ཀྱི་རིགས་ནི་ས་འབུ་ནག་རིང་དང་འདྲ་བར་དཀར་ངོགས་སུ་འདོན་མི་རུང་བར་འདུག   ས་འོག་ཏུ་བཅུག་ན་སྒྲིག་ལམ་བརྩི་བ་མ་གཏོགས་ས་ཁར་བཏོན་ཚེ་གཞན་མི་འགུགས་ཅི་ཐུབ་བྱེད་ཀྱིན་འདུག་ཟེར། 

    ས་འབུ་ནག་རིང་གིས་འགུགས་པ་ནི་ཆུ་ནང་གི་ཉ་རེད། བུད་མེད་དེས་སྐད་ཆེན་པོས་བཤད་རེས་བྱས་ཡོང་།  ཁོ་མོར་མཚང་འདྲུ་བྱས་པར་ཡང་ཁོང་ཁྲོ་ལངས་ཀྱིན་མི་འདུག་མོད།  གླལ་རྒྱངས་བྱེད་རྒྱུ་དེ་གཞི་ནས་མཚམས་ཆད་པར་གྱུར་སོང་།  ཁོ་མོས་ཀྲོའུ་ཨེར་ལ་བཤད་རྒྱུར།  ཁྱོད་རང་སྲུ་མོ་ཅཱང་པེར་དགའ་གྱིན་པ་ངས་ཀྱང་ཤེས་པ་ཡིན།   ཚང་མས་བཤད་ན་ཁྱོད་ནི་ཅཱང་ཟན་ཧྲིན་གྱི་ཕ་ཡར་རེད་ཟེར་བས།  ཁྱིམ་གཅིག་གིས་མིས་ཁྱིམ་གཅིག་གི་མི་ཡི་རྒྱབ་གནོན་མི་བྱེད་པ་ག་ལ་སྲིད་ཟེར། 

    ཀྲོའུ་ཨེར་གྱིས་འདེགས་ཤིང་ཁུར་ནས་བུད་མེད་དེ་ལ་ཁ་སྙེར་ཙམ་བྱས་རྗེས་བུད་སོང་། ཁོའི་རྗེས་དེད་ནས་འགྲོ་མཁན་ནི་རླངས་འཁོར་གྱི་བསླངས་པའི་ས་རྡུལ་དང་རྙིང་མདོག་ཤར་བའི་ཉི་འོད་དང་ང་རང་བཅས་ཡིན་མོད།  ང་ཚོས་མཉམ་འཇོག་མ་བྱས་པ་མ་གཏོགས་ད་དུང་གོག་བགྲོད་བྱེད་པའི་གྲོག་མ་ཡང་རྗེས་སུ་འབྲངས་ཡོད་ཀྱང་སྲིད།  

    ཝུའུ་ཐང་དུ་ཁྲོམ་སྲང་གསུམ་ཡོད་ཟེར། ཀྲོའུ་ཨེར་གྱིས་བཤད་ན་ང་རང་ཡོང་ས་འདི་ནི་ཁྲོམ་སྲང་འབྲིང་བ་ཡིན་པ་དང་།  ཁྲོམ་སྲང་གཞན་གཉིས་ལས་གཅིག་ནི་འདི་ལས་ཆེ་བ་དང་གཅིག་ནི་འདི་ལས་ཆུང་བ་ཡིན།  འདི་ལས་ཆེ་བའི་ཁྲོམ་སྲང་དེ་རུ་གྱོན་གོས་དང་ཉིན་སྤྱོད་སྣ་འཛོམས་ཚོང་རྫས་བཙོང་རྒྱུ་ཡོད་ཅིང་།  འདི་ལས་ཆུང་བའི་ཁྲོམ་སྲང་དེར་བཟའ་ཆས་ཀྱི་སྐོར་ཏེ་ཤ་དང་སྔོ་ཚོད་ཀྱི་རིགས་དང་ཤིང་ཏོག་གི་རིགས་མ་གཏོགས་འཚོང་རྒྱུ་མེད་ཟེར།  

    ཀྲོའུ་ཨེར་ཁྲོམ་སྲང་དུ་འཛུལ་ཚེ་བྱེའུ་ནགས་ཚལ་དུ་འཛུལ་བ་དང་འདྲ་བར་བག་ཡངས་སྤྲོ་སྣང་ཅན་དུ་གྱུར་འགྲོ  ཁོས་ངོ་ཤེས་དག་ལ་རེ་རེ་བཞིན་འཚམས་འདྲི་བྱེད་བཞིན་རང་གནས་སུ་སླེབས་འཕྲལ་གཞི་ནས་འདེགས་ཤིང་ལས་དངོས་པོ་དག་ཕོག་བྱུང་།  སྐབས་འདིར་ཚོང་རྩག་རྩིག་རྒྱག་མཁན་མང་བོ་ཁྲོམ་སྲང་གི་རང་གནས་སུ་ཐོན་འདུག་ཅིང་།  སྣུམ་གོར་དང་སྲན་སྔོའི་འབྲས་དྭངས་དང་གོར་དམར་དང་སྲན་སྐྱུར་འཚོང་ས་དག་ཏུ་མི་ཚོགས་འདུ་ལོང་བྱེད་ཀྱིན་འདུག་པས་ཁེ་ཚོང་ཧ་ཅང་ལེགས་པ་སྨོས་ཅི་དགོས།  ངས་མགྲོན་ཁང་དུ་ནངས་ཟས་འཐུང་དུས་ཀྲོའུ་ཨེར་གྱིས་སྲུ་མོ་ཀྲོའུ་ཨེར་ལ་འདི་ལྟར་བཤད་པར་ཡང་ཁག་མི་འདུག་སྟེ།  ཀྲོའུ་ཨེར་ན་རེ། ཁོ་མོ་ཁྲོམ་སྲང་དུ་འདྲེ་བཤད་ལ་ཉན་དུ་འགྲོ་རྒྱུ་ཡིན་ཟེར་བ་མིན་ནམ།  དེ་གར་སོང་ནས་འཐུང་ན་ཁ་སུར་སྐྱོ་མའི་བག་ལེབ་ཟ་ན་ཁ་སུར་སྐྱོ་མའི་བག་ལེབ་ཡོད།  སྲན་ཕྱུར་ཁུ་བ་འཐུང་ན་སྲན་ཕྱུར་ཁུ་བ་ཡོད།  སྣུམ་བཙོས་ཆུ་ཚོད་ཟ་ན་སྣུམ་བཙོས་ཆུ་ཚོད་ཡོད་ཅེས་བཤད་པ་ན། སྲུ་མོ་ཀྲོའུ་ཨེར་གྱིས་ཁོ་ལ་སྡང་མིག་ཅིག་བགྲད་ནས་ཁྱོད་ཀྱིས་ཁྲོམ་སྲང་ནས་འཐུང་རྒྱུ་མང་སྟེ་ད་ནི་ངས་གཡོ་སྐོལ་བྱས་པ་ཡང་འཐུང་མི་འདོད་པ་ཨེ་རེད་ཟེར།  ཀྲོའུ་ཨེར་གྱིས་དེ་མ་ཐག་མྱུར་མོར་འཛུམ་དགོད་ངང་།  དེ་འདྲ་ག་ལ་ཕོད། ཁྱོད་ཀྱིས་ལས་པའི་ཟ་མ་ངས་ཚེ་གང་བོར་ཟོས་ན་ཡང་མི་ངོམས་པས།  སྐྱེ་བ་ཕྱི་མར་ད་དུང་ཡང་ཟ་ན་འདོད་རྒྱུ་རེད་ཟེར། སྲུ་མོ་ཀྲོའུ་ཨེ་ཡང་བགད་བྱུང་། ཁོ་མོས་ཀྲོའུ་ཨེར་གྱི་འགྲམ་པ་གཅུ་འཐེན་ཞིག་བྱས་ནས་ན་རེ།  ཁྱོད་ཀྱི་གདོང་གི་རྨ་ཤུལ་ལ་བལྟས་ཚེ་ངའི་ཟ་མ་མ་གཏོགས་ཅི་ཡོད་དམ།  གཞན་གྱིས་སུ་ཞིག་གིས་ཁྱོད་རང་དང་ལེན་བྱེད་སྲིད་དམ་ཟེར།  ཁོ་ཚོའི་བརྩེ་འདང་གིས་ཁེངས་པའི་ཚིག་རྩོད་ཀྱིས་ངའི་སེམས་ལ་སྒྱུ་འཕྲུལ་མཁན་པོ་དྲན་དུ་བཅུག་སོང་།  སྔོན་ཆད་ང་ཚོས་ཀྱང་རྒྱུན་དུ་འདི་ལྟར་སྤྲོ་སྐྱིད་ཀྱིས་ཁེངས་པའི་ཚིག་རྩོད་བྱེད་མྱོང་བ་ཡིན།   དེ་ལྟ་བུའི་སྐད་ཆ་ནི་ད་ལྟ་རྡོ་ངོར་བརྐོས་པའི་དུར་བྱང་ཡི་གེ་བཞིན་དུ་གཡུང་དྲུང་རིས་སུ་གྱུར་ཟིན་པ་རེད། 

    ང་རང་ཟས་སྟེགས་ཤིག་གི་འཁྲིས་སུ་སོང་ནས་འབྲས་ནག་ལྡུ་གུ་དཀར་ཡོལ་གང་དང་བག་ལེབ་ཟོས་པ་ཡིན།  ཟ་མ་བཟའ་རུ་ཡོང་མཁན་ཞིག་གིས་རིན་གོང་མི་དགོས་པའི་སྐྱུར་ཚལ་དེ་ཕོན་པོ་ཕོན་པོ་བྱས་ནས་ཟ་བཞིན་འདུག་པས་ཚོང་བདག་སྐམ་རིད་དེས་མིག་ལོག་གིས་ལྟ་བཞིན་དུ།  དེ་ལྟར་ཟོས་ཏེ་སྐོམ་ཚད་འབྱུང་བར་མི་སྐྲག་གམ་ཟེར་བར།  ཟས་མགྲོན་གྱིས་སྐོམ་ཚད་བྱུང་ན་ཆུ་འཐུང་ཆོག་པ་རེད་ཟེར།  ཚོང་བདག་གིས་ཆུ་འཐུང་བར་ཡང་སྒོར་མོ་དགོས་པ་རེད་ཟེར་བར། ཟས་མགྲོན་གྱིས་ཆུ་འཐུང་ན་རིན་གོང་སླ་བ་རེད་ཟེར། ཚོང་བདག་གིས་ཡང་བསྐྱར་ཆུ་འཐུང་རྒྱུ་མང་སྟེ་གཅིན་པ་སྦོས་ཚེ་སྤྱོད་ཁང་དུ་སོང་ན་ཡང་སྒོར་མོ་དགོས་པ་རེད་ཟེར་བར།  ཟས་མགྲོན་ཁོང་ཁྲོ་ལངས་ཏེ་སྐྱུར་ཚལ་བླུགས་སྣོད་ས་རུ་གཡུགས་ཏེ་སྡིགས་མོ་བྱས་བྱུང་། རིན་གོང་མི་དགོས་པའི་སྐྱུར་ཚལ་ཡང་ཟ་རུ་མི་འཇུག་ན་ སྒོར་མོ་ལོངས་དང་དེ་རེད།  བསམ་དོན་ངོ་གདོང་དུ་འཕུད་མི་ཐུབ་རྒྱུ་ཅི་ཡོད་དམ།  ཁྱོད་ལྟ་བུར་སྐྱེས་པ་ཟེར་རམ་ཟེར།  ཚོང་བདག་གིས་ས་རུ་འཕངས་ནས་སིལ་བུར་ཡོད་པའི་སྐྱུར་ཚལ་འཇོག་སྣོད་ལ་ལྟ་བཞིན་དུ་མ་ཉེས་ཁ་གཡོག་ཐེབས་པའི་ངང་མིག་ཆུ་ཤོར་སོང་།  ཁོས་ཁོག་སྟོད་དུ་རྔུལ་ལེན་སྔོན་པོ་ཞིག་གོན་ཞིང་སྣུམ་གྱིས་སྦགས་པའི་པང་ཁེབས་ཤིག་གཅུད་འདུག་ལ།   དམར་ནག་གི་ངོ་གདོང་ནི་བལྟས་པ་ཙམ་གྱིས་ཕྲ་ཞིང་རིང་བའི་ལ་ཕུག་ལྗང་ཁུ་བསྙལ་མ་ཞིག་དང་འདྲ་བར་མདོག་ཤོར་ཞིང་རྙིང་རུལ་གྱི་དྲི་མ་ཞིག་འཐུལ་གྱིན་འདུག ཁོ་རང་ངུས་པ་དང་ཟས་མགྲོན་དེ་ཡང་ཡི་ག་འགགས་པར་གྱུར་སོང་།  ཐུར་མ་སར་བཞག་ནས་སྒོར་བཅུ་ཤོག་ཅིག་ཅོག་ཙེ་སྟེང་དུ་འཕངས་ཏེ། ཕྱིར་སློག་མི་དགོས་ཞེས་བཤད་རྗེས་ཕྱི་མིག་ཙམ་ཡང་མི་ལྟ་བར་བུད་སོང་།  ཁོ་དང་གྲལ་མཚེས་བྱས་ནས་སྡོད་པའི་སྲན་སྐྱུར་ཁུ་བ་འཚོང་མཁན་དེས་ཁོ་ལ་བཤད་རྒྱུར།  ཁྱོད་ལ་ཡོང་སྒོ་ལེགས་འདུག  ནངས་ཟས་གཅིག་ལ་སྒོར་གཉིས་གསུམ་ལས་ལས་མིན་མོད་ཁྱོད་ལ་སྒོར་བཅུ་ཐམ་པ་ཐོབ་བྱུང་བས།   མདང་དགོང་རྨི་ལམ་དུ་ནོར་སྦྱིན་མ་རྨིས་ཡོད་པ་ཁོ་ཐག་རེད་ཅེས་བཤད་པ་ན། ཚོང་བདག་གིས་གདོང་གི་སྐྱི་གཉེར་བསྡུས་ཏེ་ལན་དུ།  ཅིན་ཞིའུ་མ་གཏོགས་ངས་རྨི་ལམ་དུ་རྨིས་རྒྱུ་སུ་ཞིག་ཡོད་དམ་ཟེར།  སྲན་སྐྱུར་ཁུ་བ་འཚོང་མཁན་གྱིས་སླར་ཡང་།  ཡང་ཅིན་ཞིའུ་ཁྱོད་ཀྱི་རྨི་ལམ་དུ་འཛུལ་བྱུང་ངམ། ངས་བལྟས་ན་ཁྱོད་ཀྱིས་གང་མྱུར་ངང་སླར་ཡང་ཆུང་མ་ཞིག་བཙལ་ན་བཟང་བ་རེད།  ཁོ་མོ་ཚེ་ལས་འདས་ནས་ལོ་ངོ་གསུམ་འགོར་སོང་བས་ཁྱོད་རང་ད་དུང་ཉིན་བཞིན་མལ་འཁྱག་ཏུ་ཉལ་ན་ཁོ་མོའི་སེམས་ལ་ཐོགས་པར་ཡང་ཁག་ཅི་ཡོད། གལ་ཏེ་ཁྱོད་ཀྱིས་ཆུང་མ་གསར་བ་ཞིག་བླངས་ཚེ་ཁོ་མོ་ཡང་ཁོ་མོ་འགྲོ་སར་བུད་འགྲོ་ངེས་རེད། ཁོ་མོས་ཀྱང་ཁོ་མོའི་ས་ནས་འདུག་གྲོགས་ཤིག་འཚོལ་དགོས་པས།  ཁྱོད་ཀྱིས་མ་བཙལ་ན་ཁོ་མོར་ཡང་དལ་འགོར་བྱས་པ་མ་རེད་དམ་ཟེར། 

    ཁོང་གཉིས་ཀྱི་ཁ་བརྡ་འདི་དག་ལ་ཉན་པས་ངས་ཀྱང་གཞི་ནས་ངོ་གདོང་སྐྱོ་སྡུག་གིས་ཁེངས་པའི་སྐྱེས་པ་འདིའི་ཆུང་མ་ཚེ་ལས་འདས་ཟིན་པ་རྟོགས་པར་གྱུར་བ་མ་ཟད།   ཁོ་རང་དང་ཆུང་མའི་འདང་བརྩེ་ཧ་ཅང་ཟབ་པ་ཚོར་བྱུང་།  ངས་ཀྱང་སྤོབས་པ་བསྐྱེད་དེ་ཁོ་ལ་ཚེ་ལས་འདས་པའི་མི་དེ་གསོན་པོའི་རྨི་ལམ་དུ་འཛུལ་་ན་ཅི་འདྲ་ཞིག་ཡིན་པ་དྲིས།  སྒྱུ་འཕྲུལ་མཁན་པོ་འཚོ་གཞེས་ཀྱི་སྐབས་སུ་ངས་རྒྱུན་དུ་ཁོ་རང་རྨི་ལམ་དུ་རྨིས་པར་བྱེད་མོད།   ཡིན་ན་ཡང་ཁོ་རང་གཏན་གྱེས་སུ་གྱུར་རྗེས་ཁོས་ངའི་སྟོང་སེམས་ཡོད་ཚད་ཀྱང་ཁྱེར་ནས་བུད་སོང་བ་སྟེ།  ངའི་ཀླད་པ་ཉག་ཉོག་ཏུ་གྱུར་ཏེ་གསལ་ཐག་ཆོད་པའི་བརྙན་གཟུགས་ཅི་ཡང་དྲན་རྒྱུ་མེད་པར་གྱུར་སོང་། 

    ཚོང་བདག་མིག་ཆུ་རབ་རིབ་ངང་ང་ལ་ལྟ་ཙམ་བྱས་ཤིང་མཆུ་འདབ་འདར་ཙམ་འདར་ཙམ་འགའ་བྱས་ནས་ན་རེ།  ཚེ་ལས་འདས་པའི་མི་དག་མི་གསོན་པོའི་རྨི་ལམ་དུ་འཁོར་ན་མི་གསོན་པོ་དང་འདྲ་བ་སྨོས་ཅི་དགོས།  ཁོ་མོས་ང་ལ་རླུང་ཆེ་བའི་དུས་སུ་དྲ་སྒོ་རྒྱག་རྒྱུ་བརྗེད་མི་རུང་བ་དང་ཁ་བ་འབབ་པའི་དུས་སུ་བྱིས་པར་ལྭ་བ་མཐུག་པོ་གོན་དུ་འཇུག་དགོས་པ་བརྗེད་དུ་མ་གཞུག་ཅེས་ཁ་ཏ་བྱེད་པ་རེད།  ཤུ། ཁོ་མོའི་ལས་དབང་ཧ་ཅང་སྡུག་པོ་རེད།  ཤི་རྗེས་སུ་ཡང་ད་དུང་ང་ལ་སེམས་ཁྲལ་བྱེད་ཀྱིན་འདུག་ཟེར། 

    ལུས་སྟེང་ཧྲིལ་བོ་རྡོ་ཐལ་གྱིས་ཁེངས་པའི་ཡུལ་མི་ལས་བཟོ་བ་གཉིས་ཐོན་བྱུང་བས། ཚོང་བདག་གིས་མིག་ཆུ་གཙང་མར་ཕྱིས་རྗེས་རང་ཉིད་ཀྱི་ཞོར་ལས་གཉེར་དུ་བུད་སོང་།  ང་རང་ཕྱིར་ཀྲོའུ་ཨེར་གྱི་གན་དུ་སོང་བ་ན་ཁོས་དུ་བ་འཐེན་གྱིན་འདུག་པས།  ངས་ཁོ་ལ་ཚོང་བདག་དེའི་ཆུང་མ་ཇི་ལྟར་ཤི་བ་ཡིན་ཚུལ་དྲིས། ཀྲོའུ་ཨེར་གྱིས་དུ་བ་ཁམ་གང་སྔོ་ལོག་གེར་ཕྱིར་ཕུད་དེ་ན་རེ།  ཁོའི་ཆུང་མ་ལ་འཁྲུ་ནད་བྱུང་བས་ཉེ་འགྲམ་གྱི་སྨན་ཁབ་རྒྱག་ས་ཞིག་ཏུ་སོང་ནས་གནམ་ཁབ་བརྒྱབ་པ་རེད། ཆིན་མའེ་སུའུ་ཟེར་བ་འདི་ཡང་ངོ་མ་སྐོར་ལོག་ཅིག་འདུག  གནམ་ཁབ་བརྒྱབ་ནས་དུས་ཚོད་གཉིས་མ་འགོར་བར་མི་ཤི་བའི་དོན་རྐྱེན་བྱུང་སོང་།  ཞན་གྱིས་བཤད་ན་སྨན་པ་ལའོ་ཀྲོའུ་ཡིས་ཁོ་མོར་ཚོད་ལྟའི་ཁབ་མ་བརྒྱབ་པ་རེད་ཟེར།  བུད་མེད་འདིའི་ལས་ཀྱང་ཧ་ཅང་བཙོག་པར་འདུག ཁོག་པ་བཤལ་བ་ནི་ནད་ལྕི་མོ་ཞིག་མིན་པས་ཤི་འགྲོ་བའི་དོན་དག་ག་ལ་འབྱུང་། ཅིས་ཀྱང་གནམ་ཁབ་རྒྱག་ཏུ་སོང་བ་ཡིན་འདུག་པས། ད་ཅི་འདྲ་རེད། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་སོང་བ་སྟེ་རང་སྲོག་ཤོར་བའི་དོན་དག་ བྱུང་སོང་བ་རེད་ཅེས་བཤད་བྱུང་། 

    རུས་ཀྲོའུ་ཡིན་སྨན་སྟེར་མཁན་དེ་ཅི་ཞིག་བྱས་སོང་། ངས་ཁོ་ལ་དེ་ལྟར་དྲིས། 

    ཁོ་ཟེར་རམ།  སྔོན་ཆད་ཕྱུགས་ཟོག་གི་སྨན་པ་ཞིག་ཡིན།  ལོ་འདི་དག་གི་རིང་ལ་ཕྱུགས་ཟོག་ལ་ནད་བྱུང་བ་ལས་མི་ལ་ནད་བྱུང་བ་མང་བས། ཁོས་ཀྱང་ལས་གོས་སྔོན་པོ་དེ་དཀར་བོར་བརྗེ་ཞིང་ཉན་དཔྱད་ཡོ་ཆས་སྐེ་ལ་བཀལ་ནས་སྨན་ཁབ་རྒྱག་ས་ཞིག་སྒྲུབ་པ་རེད། ཁོ་ལ་ཡང་ནུས་བ་ཅུང་ཟད་ཡོད་པ་འདྲ།  མགོ་ཕྱེད་ན་བཞིན་པའི་བུད་མེད་ཅིག་དྲག་ཏུ་བཅུག་པར་མ་ཟད།  ཕོ་ནད་བྱུང་བའི་མི་འགའ་ཡང་བཅོས་དྲག་བྱུང་སོང་། དེའི་རྐྱེན་གྱིས་དོན་དག་མ་བྱུང་བའི་ཡར་སྔོན་དུ་ཁོ་ལ་ཚོང་རྒྱུགས་ཆེན་པོ་བྱུང་ཡོད་པ་རེད་ཟེར། 

    ཕྱུགས་ཟོག་གི་སྨན་པ་ཞིག་གི་ལག་ཏུ་མི་ལ་སྨན་བཅོས་བྱས་ཆོག་པའི་སྨན་བཅོས་ལག་ཁྱེར་ཇི་ལྟར་ཐོབ་པ་རེད།  ངས་ཁོ་ལ་དེ་ལྟར་དྲིས། 

    ཧེ།  ད་སྐབས་ཀྱི་དཀར་ནག་དབྱེ་བ་ཁྱོད་ཀྱིས་གསལ་བོ་མཐོང་གིན་མི་འདུག་གམ། སྒོར་མོ་ཡོད་ན་འདྲེ་ལ་རང་འཐག་འཐགས་སུ་བཅུག་ཆོག་པ་རེད། ཀྲོའུ་ཨེར་གྱིས་མཆིལ་མ་ཞིག་སར་འཕངས་ནས་བཤད་རྒྱུར། ལའོ་ཀྲོའུ་ཡི་གཅེན་མོའི་ཁྱོ་ག་འཕྲོད་བསྟེན་ཅུ་ཡི་ཅུ་ཀྲང་ཡིན་པས།  སྨན་བཅོས་ལག་འཁྱེར་ཞིག་ལེན་རྒྱུ་ནི་རང་ཁྱིམ་གྱི་སྡོང་མགོ་ནས་སིལ་ཏོག་བཏོགས་པ་ལྟ་བུ་ཡིན་པས།  དཀའ་ངལ་ཅི་ཞིག་ཡོད་དམ། དོན་དག་བྱུང་རྗེས་ཁོ་ཚོས་སྒོར་ཁྲི་གཉིས་བྱིན་ཏེ་དོན་དག་བཤད་རྒྱུ་མེད་པ་བྱས་སོང་བར་མ་ཟད།  ད་དུང་མི་ནི་གནམ་ཁབ་བརྒྱབ་པའི་རྐྱེན་གྱིས་ཤི་བ་མ་ཡིན་པར་སྙིང་ནད་བསྐྱར་འཕར་བྱུང་སྟེ་འདས་པ་རེད་ཟེར། 

     ཁྱོ་ག་ཁོ་ཡང་ཡིད་འཐད་བྱུང་སོང་བ་རེད་དམ།  ངས་ཚོང་བདག་དེའི་ཕྱོགས་སུ་ལྟ་བཞིན་དུ་དེ་ལྟར་དྲིས། 

     ཁོ་ཡིད་འཐད་མ་བྱུང་ཡང་ཐབས་ཅི་ཞིག་ཡོད་དམ། གཏུག་བཤེར་བྱས་ན་ཁོས་རྒྱལ་ཁ་ལོན་ནམ།  གང་ལྟར་ཁོའི་བུད་མེད་ཀྱང་ཕྱི་མར་ཆས་ཟིན་པས།  ད་ནི་སྒོར་མོ་འགའ་བླངས་ནས་རྗེས་སུ་བྱིས་པའི་སྟེང་དུ་བཀོལ་ན་དེ་བཟང་བ་རེད།  ཀྲོའུ་ཨེར་གྱིས་དངན་པ་ཞིག་ཕྱུངས་ནས་ཚོང་བདག་དེ་སྟོན་བཞིན་དུ་བཤད་རྒྱུར།  ཁོ་རང་སྔོན་ཆད་མི་སྤྲོ་སྣང་ཅན་ཞིག་ཡིན་མོད།  ཆུང་མ་འདས་པ་ནས་བཟུང་བུད་མེད་ཅིག་དང་འདྲ་བར་སེམས་རྒྱ་དོག་པར་གྱུར་བར་མ་ཟད།  ཤེས་མ་ཤེས་བར་ལ་མིག་ཆུ་བཏོན་ཡོང་བས།  སྟག་ཤར་ར་ཞིག་གི་བཟོ་ལྟ་ཙམ་ཡང་མི་འདུག་ཟེར། 

    ལའོ་ཀྲོའུ་ཅི་བྱས་སོང་།  ངས་སེམས་ཕམ་ཡི་ཆད་ངང་དེ་ལྟར་དྲིས། 

    ཁོ་ཟེར་རམ།  འདི་ནས་སྡོད་ཐབས་མ་བྱུང་བས་སྔོན་ཞིག་ནས་བུད་སོང་།  བཤད་ཚུལ་ལྟར་ན་མཚོ་འགྲམ་གྱི་གཉེན་ཉེ་ཚང་དུ་སོང་སྟེ་ལས་བསྒྱུར་བྱས་ནས་ཆུ་འབུ་གསོ་རྒྱུ་ཡིན་སྐད།   སུ་ཞིག་གིས་ཤེས་སམ། ཀྲོའུ་ཨེར་གྱིས་ཡང་བསྐྱར་དངན་པ་ཞིག་འཐེན་ནས་བཤད་རྒྱུར།  ཁྲོམ་སྲང་འདིའི་ནང་དུ་ཡིད་སྐྱོ་བའི་དོན་དག་མང་བོ་ཡོད་པས།  ཁྱོད་ཀྱིས་འདྲེ་བཤད་ལ་ཉན་འདོད་ན་གང་བྱུང་དུ་འཆམ་འཆམ་ཙམ་བྱས་ཚེ་ཐོས་ཐུབ་ངེས་ཡིན་ཟེར། 

    ཀྲོའུ་ཨེར་དང་ངེད་གཉིས་ཀྱིས་ཁ་བརྡ་བྱེད་པའི་སྐབས་སུ་མི་གཉིས་ཀྱིས་སྲུན་ཕྱུར་ཉོས་ཏེ་བུད་སོང་། མ་རྩ་ཆུང་བ་གཉེར་བའི་ཚོང་གཉེར་བ་སུ་ཞིག་ཡིན་ཡང་ཚང་མ་མིག་རྣོ་ལག་མགྱོགས་ཅན་ཤ་སྟག་ཏུ་སྣང་སྟེ།  ཁོ་ཚོས་སེམས་དང་ལག་པ་དང་ཁ་བཅས་ཚང་མ་མཉམ་དུ་བཀོལ་མཁས་ཀྱི་འདུག  ཁ་ནང་དུ་དུ་བ་ཞིག་བསྣར་བའི་ཞོར་དུ་ཁྱོད་ལ་གཏམ་རྒྱུད་བཤད་པ་དང་།  ལག་པས་ལྡེམ་མྱུར་ལྡན་པའི་ངང་ཚོང་གཉེར་བྱེད་ཀྱིན་འདུག་པས་ཕྱོགས་གང་ལ་ཡང་དལ་འགོར་གཏན་ནས་བྱེད་ཀྱིན་མི་འདུག 

    བསྡད་ཀྱིན་དུ་ཁྲོམ་སྲང་ནི་སྔར་བས་འདུ་ཟིང་ཅན་དུ་གྱུར་སོང་།  ལག་འདེད་འཁོར་ལོ་འདེད་མཁན་དང་འདེགས་ཤིང་ཁུར་བའི་ཚོང་བ་ཇེ་མང་ནས་ཇེ་མང་རེད་པས།  ད་སྔོན་སྟོང་བར་ཡོད་པའི་ཚོང་སྟེགས་དག་ཀྱང་ཡོངས་སུ་ཁེངས་པར་གྱུར་འདུག  ཁྲོམ་སྲང་གི་ཀླད་ངོས་ལ་སྲིད་དུ་་རིང་བའི་བླ་བྲེ་བརྒྱབ་ཡོད་པས་ཁྲོམ་སྲང་གི་མཐའ་འགྲམ་གྱི་ཚོང་སྟེགས་དག་གི་སྟེང་དུ་ཉི་འོད་ཕོག་ཡོད་ཀྱང་དཀྱིལ་དབུས་ཀྱི་ཁུལ་དུ་ལྟོས་བཅས་ཀྱིས་ནག་ཧུར་རེ་འདུག ཀྲོའུ་ཨེར་གྱིས་ང་རང་ཁྲིད་ནས་ཁྲོམ་སྲང་དབུས་ཁུལ་གྱི་གྲིབ་སོའི་ཁྲོད་དུ་ཡོད་པའི་ཚོང་སྟེགས་ཤིག་གི་གན་དུ་སོང་སྟེ།   ལྭ་བ་ནག་པོ་གྱོན་ཞིང་ལག་པ་མཆན་སྣོལ་བྱས་ཏེ་སྡོད་པའི་རྒན་མོ་ཞིག་ལ།  རྒན་མོ་ཧྲི་སན་ལགས་།  ཁོ་མོ་ནི་ངེད་ཚང་གི་འགྲུལ་བ་ཡིན་ཞིང་འདྲེ་བཤད་འཚོལ་སྡུད་བྱེད་ཀྱིན་ཡོད་པས། ཁྱོད་ཀྱིས་ཁོ་མོར་འདྲེ་ཡི་སྐོར་གྱི་གཏམ་རྒྱུད་འགའ་བཤད་རོགས། ཁྱོད་ཀྱིས་འདྲེ་བཤད་མང་བོ་ཤེས་པ་དེ་མ་བཤད་པར་བཞག་ན་ཕོ་བའི་ནང་ནས་རུལ་འགྲོ་བ་རེད་ཟེར།  རྒན་མོ་ཧྲི་སན་གྱིས་ཀྲོའུ་ཨེར་ལ་བལྟས་ཏེ། ཕའེ། ངའི་གཏམ་རྒྱུད་ཀྱི་རིན་གོང་ཆེ་བ་ཡིན། གཏམ་རྒྱུད་གཅིག་བཤད་ན་སྒོར་བཅུ་རེ་དགོས་ཟེར། ཀྲོའུ་ཨེར་གྱིས་བཤད་རྒྱུར། སང་ཉིན་ངས་ཁྱོད་ལ་སྲན་ཕྱུར་སྣུམ་བཅོས་མ་ཟ་རུ་བཅུག་ཆོག  དེས་གཏམ་རྒྱུད་བཤད་པའི་གླ་རིན་བྱེད་ཐུབ་རྒྱུ་རེད་ཨང་ཟེར།  རྒན་མོ་ཧྲི་སན་གྱིས་ངའི་སྟོད་སྨད་ཡོངས་ལ་ཞིབ་ལྟ་ཞིག་བྱས་རྗེས།  ཁྱོད་ཀྱིས་སུ་ཞིག་ལ་གཏམ་རྒྱུད་འཚོལ་སྡུད་བྱེད་པ་ཡིན་ཟེར། ངས་ང་རང་ཉིད་ལ་མཁོ་བ་ཡིན་ཞེས་བཤད། རྒན་མོ་ཧྲི་སན་ཡར་སྒྲེགས་ཙམ་བྱས་རྗེས་ང་ལ་བཤད་རྒྱུར། ཁྱོད་ཀྱང་བར་དོ་ནས་ཕྱིར་ཡོང་བ་མ་རེད་པས།  གཏམ་རྒྱུད་དེ་དག་འཚོལ་སྡུད་བྱས་ནས་ཅི་བྱེད་པ་ཡིན་ཟེར།  ངས་ཀྱང་ཁོ་མོ་དང་ཁ་བརྡ་བྱེད་པའི་ མཁའ་དབུགས་སྐྱིད་པོ་ཞིག་བསྐྲུན་ཆེད་དུ་ཀུ་རེའི་ཚུལ་དུ།  ང་རང་བར་དོ་ནས་ཡོང་བ་མ་རེད་ཅེས་སུ་ཞིག་གིས་བཤད་སོང་ཞེས་བཤད། ངའི་སྐད་ཆ་དེས་རྒན་མོ་ཧྲི་སན་སྐྲག་པར་མ་གྱུར་མོད་།  འོན་ཀྱང་ཁོ་མོའི་གན་དུ་ཡོད་པའི་སྨྱུག་མའི་ཕྱགས་མ་འཚོང་མཁན་གྱི་བུ་མོ་དེ་སྐྲག་པར་གྱུར་སོང་།  ཁོ་མོས་དངངས་སྐད་ཅིག་བཏོན་ནས་ན་རེ།  རྒན་མོ་ཧྲི་སན་ལགས།  ངས་མཐོང་མ་ཐག་ནས་ཁོ་མོའི་བཟོ་ལྟ་འདྲེ་དང་འདྲ་བ་ཚོར་བྱུང་།  ལུས་ཡོངས་སུ་ལྭ་བ་ནག་པོ་གོན་ཡོད་པར་མ་ཟད། ཤ་སྐམ་ནས་རུས་པར་ཐུག་ཡོད་པ་དང་།  ངོ་གདོང་ན་ཁྲག་མདོག་ཀྱང་མི་འདུག་པས། ཁྱོད་ཀྱིས་ཁོ་མོ་ང་ཚོའི་གན་དུ་བཏུད་དུ་མི་འཇུག་རོགས་ཟེར།  རྒན་མོ་ཧྲི་སན་བགད་བྱུང་།  ཁོ་མོས་བློ་རྩ་བརྟན་པོའི་ངང་བཤད་རྒྱུར། འདྲེ་ནི་འདྲེ་རེད་པས་། ཁྱོད་ཀྱིས་མིག་གིས་མཐོང་ནུས་སམ། ཁྱོད་སྐྲག་མི་དགོས་ཟེར།  རྒན་མོ་ཧྲི་སན་གྱིས་ང་རང་ཚོང་སྟེགས་ཀྱི་ནང་རོལ་ཏུ་ཤོག་ལ་སྡོད་ཟེར།  ང་རང་ཀ་བ་བཞིན་དུ་ཁོ་མོའི་ཁ་གཏད་དུ་འགྲེང་བསྡད་ཚེ་ཁོ་མོས་ཚོང་རྒྱག་པར་གནོད་པ་བྱེད་ངེས་པས།  ང་རང་དགོད་བཞིན་དུ་འགྲམ་གྱི་བར་སྟོང་ཞིག་བརྒྱུད་ནས་ཚོང་སྟེགས་ཀྱི་ནང་རོལ་ཏུ་སོང་།  ཡུན་རིང་དུ་དགོད་མ་མྱོང་བས་ཡིན་ཡང་སྲིད་དེ།  ང་རང་བགད་པ་དེས་རང་ཉིད་ཀྱི་སེམས་ངོ་གྲང་ཤུར་སེར་བཏང་བར་མ་ཟད་ད་དུང་ཕྱགས་མ་འཚོང་བའི་བུ་མོ་དེ་ལ་ཡང་གྲང་འདར་ཞིག་རྒྱག་ཏུ་བཅུག་སོང་། རྒན་མོ་ཧྲི་སན་གྱི་ཚོང་སྟེགས་སྟེང་དུ་བཤམས་ཡོད་པ་ནི་རིགས་མི་གཅིག་པའི་འབུ་གསོད་དུག་རྫས་སྣ་ཚོགས་རེད། དེའི་ཁྲོད་དུ་ཙི་གུ་ གསོད་པའི་དུག་སྨན་དང་།  སྦྲང་གསོད་སྨན།  འབུ་སྲིན་འཛིན་པའི་འབྱར་སྣུམ།  སྲིན་དགྲ་སེལ་བྱེད།  སྦྲང་བུ་ཚར་གཅོད་སྨན་སོགས་རེད། རྒན་མོ་ཧྲི་སན་གྱི་འདྲེ་ཡི་གཏམ་རྒྱུད་ཀྱང་ཙི་གུའི་དུག་སྨན་རྒྱབ་ལྗོངས་བྱས་པ་ནས་མགོ་བརྩམས་པ་རེད། 

    ལོ་ན་གཞོན་པའི་ཡུགས་མོ་ཞིག་ཡོད་ཅིང་།  ཁོ་མོའི་ཁྱོ་ག་ནི་གཏེར་ཁུང་གི་འདེགས་སྤང་རྡིབ་པའི་དོན་རྐྱེན་ལས་སྲོག་ཤོར་སོང་བ་རེད། ཁོ་མོར་སྒྱུག་མོ་ཞིག་ཡོད་པ་དེ་ལྟོ་འདུན་ཆེ་ཞིང་ལས་ཀ་མི་འདོད་པ་དང་གནག་སེམས་ལྡན་ཞིང་གདུག་རྩུབ་ཆེ་བ་ཞིག་ཡིན་པས།  ཉིན་རེ་བཞིན་ཁོ་མོར་ཞབས་ཏོག་སྒྲུབ་པ་བློར་མ་བབས་ཚེ།  ཡུགས་མོ་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས་གདོང་ལ་རྒྱ་ཁབ་ཀྱིས་གཙགས་པར་བྱེད། ཁོ་མོས་སྒྱུག་མོའི་བརྙས་བཅོས་སྣ་ཚོགས་ལ་བཟོད་བསྲན་བྱེད་མ་ཐུབ་པར་ཙི་གུའི་དུག་སྨན་བག་ཆ་གཉིས་ཉོས་ཡོང་ནས་ཤ་བཙོས་པའི་བ་མའི་ནང་དུ་བཏབ་སྟེ་སྒྱུག་མོ་དང་མཉམ་འཆི་བྱེད་རྩིས་བྱས། ཉིན་དེར་ཆར་བ་ཆེན་པོ་བབས་ཏེ་འབྲུག་གྲགས་གློག་འཁྱུག་བྱེད་ཀྱིན་འདུག་པས།  ཡུགས་མོས་སྔ་མོ་ནས་བྱིས་པ་ཨ་ཅེ་ཚང་དུ་འགྲོ་རུ་བཅུག་ཟིན།  ཁོ་མོས་བ་མའི་ནང་ནས་ཤ་བླངས་ཏེ་ཅོག་ཙེ་ཐོག་ཏུ་བཞག་རྗེས་སླར་ཡང་ཆང་ཀོང་གཉིས་དང་ཐུར་མ་གཉིས་ཁྱེར་ཡོང་ནས་སྒྱུག་མོ་ལ་ཤ་དང་ཆང་གྲ་སྒྲིག་བྱས་ཡོད་ཅེས་བོས། སྐབས་དེར་སྒྱུག་མོ་དྲ་མའི་མདུན་དུ་ལངས་ནས་ཇ་འཕྲོ་འཁྱག་པ་དྲ་མའི་ཕྱི་རོལ་ཏུ་འཕོ་བཞིན་ཡོད།  ཁོ་མོས་མནའ་མས་འབོད་ཀྱིན་པ་ཐོས་ནས་ཁ་ཕྱིར་འཁོར་ཏེ་སྡིགས་མོ་བྱས་པ་སྟེ།  ངས་ཁྱོད་ལ་བསམ་ཚུལ་གཞན་ཞིག་ཡོད་པ་མི་རྟོགས་སམ།  ཁྱོད་ཀྱིས་དོ་དགོང་ང་རང་བཟི་རུ་བཅུག་རྗེས་ངའི་བུ་ཉལ་སའི་མལ་ཁྲིའི་སྟེང་སྐྱེས་པ་གཞན་ཁྲིད་ཡོང་སྙམ་པ་རེད་ཟེར།  ཡུགས་མོས་བཟོད་བསྲན་བྱས་ཏེ་སྒྱུག་མོ་དང་ཁ་རྩོད་མ་བྱས་པར་མགོ་གཡོགས་ཏེ་ཁོ་མོར་ཤ་བཟའ་རུ་འཇུག་དགོས་སྙམ།  སྐབས་འདིར་ཕྱི་རོལ་གྱི་འབྲུག་སྒྲ་ཇེ་ཆེ་ནས་ཇེ་དྲག་ཏུ་གྱུར་བ་དང་དྲ་མ་ཡང་རྔ་བརྡུངས་པ་བཞིན་དུ་འདར་ཤིག་བྱས་སིང་སིང་གི་སྒྲ་གྲགས་ཀྱིན་འདུག   ཡུགས་མོས་གློ་བུར་དུ་ཁོ་མོའི་ཁྱོ་ག་སྤྲིན་ནག་དུམ་བུ་ཅིག་དང་འདྲ་བར་དྲ་མ་ལས་ནང་དུ་མཆེད་བྱུང་བ་མཐོང་བྱུང་།   ཁོ་མོས་ཁྱོ་གའི་མིང་ནས་བོས་མ་ཐག་སྤྲིན་ནག་དུམ་བུ་དེ་གསེར་མདོག་གི་གློག་ཞགས་ཤིག་ཏུ་གྱུར་ཞིང་ལྕགས་ཐག་ཅིག་དང་འདྲ་བར་སྒྱུག་མོའི་མགྲིན་པར་ཐེབས་བྱུང་།  གློག་ཞགས་ཀྱིས་སྒྱུག་མོའི་ཚེ་སྲོག་འཕྲོག་སྟེ་དེ་མལ་དུ་ས་རུ་འགྱེལ་བར་གྱུར། 

  • 顶