༣་ དོན་བསྒྱུར། དོན་བསྒྱུར་ནི་ལེགས་སྦྱར་སྐད་ཀྱི་དོན་ཇི་ལྟ་བ་བཞིན་བོད་སྐད་དུ་མཚོན་པར་བྱས་པ་སྟེ། བསྟན་བཅོས་འདི་ཉིད་ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས་ཞེས་བྱུང་བས་བསྟན་ཅིང་། ཡོ་ག་ཞེས་བྱ་བ་ཡུ་ཛ་རི་ཡོ་ག་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་བསམ་གཏན་གྱི་མིང་སྟེ་རྣལ་འབྱོར་ཞེས་བསྒྱུར། ཨ་ནི་ཏུ་ཞེས་བྱ་བ་པྲཏྱ་ཡཱནྡྷི་ན་ཏྭང་མ་ནི་བྱ་ཞེས་འབྱུང་སྟེ། རྐྱེན་ཚོགས་ན་ནི་འབྱུང་ལ་རྐྱེན་དང་བྲལ་ན་ནི་འགག་སྟེ་རང་དབང་མེད་པས་ན་མི་རྟག་པ་ཞེས་བསྒྱུར། བིདྱཱ་ཞེས་བྱ་བ་ནི་དཱ་ཛྙཱ་ན་ཞེས་བྱ་སྟེ། མ་རིག་པའི་གཉེན་པོར་གྱུར་པ་ལྟ་མོའི་གཟུགས་སུ་བཞུགས་མིང་ཡིན་པས་ན་རིག་སྔགས་ཞེས་བསྒྱུར་བ་སོགས་བགྲང་གིས་མི་ལང་བར་བསྟན་ཏོ། །
༤. བསྣོར་བསྒྱུར། བསྣོར་བསྒྱུར་ནི་རྒྱ་གར་གྱི་སྐད་དེ་བོད་སྐད་ལ་གོ་བདེར་མཚོན་ཕྱིར་ཚིག་དང་ཡིག་གེ་སྔ་ཕྱིའི་གོ་རིམ་བསྣོར་ནས་བསྒྱུར་པ་ལ་བྱ་ཞིང་། དེ་ལ་ཡང་བསྟན་བཅོས་འདི་ཉིད་ལས། དྷརྨ་བསྒྱུར་པ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་པར་སྒྱུར་ཅིག བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག རྐྱང་བ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དོན་གཉིས་ཀ་ལ་གར་བདེ་བ་བསྣོར་ཞིང་སྒྱུར་ཅིག་ཅེས་སྒྱུར་བྱེད་ཀྱི་ཚིག་དོན་ལ་འབྲེལ་ཆགས་པའམ་བརྗོད་བདེ་བའི་ཆེད་དུ་བསྒྱུར་བྱའི་ཚིག་དང་ཡི་གེའི་གོ་རིམ་རྣམས་ཅི་བདེར་བསྣོར་ཞིང་བསྒྱུར་ཆོག་པར་བསྟན་པ་དང་། ཙ་ཏུཨཱརྱ་སཏྱ་ཞེས་བྱ་བ་ཙ་ཏུ་ནི་བཞི། ཨཱརྱ་ནི་འཕགས་པ་སཏུ་ནི་བདེན་པ་སྟེ། ཐད་ཀར་བསྒྱུར་ན་བཞི་འཕགས་པའི་བདེན་པ་ཞེས་པར་འགྱུར་པས་གོ་དཀའ་བར་མ་ཟད་བརྗོད་ཀྱང་མི་བདེ་བས་དེ་དག་གི་གོ་རིམ་བསྣོར་ནས་འཕགས་པའི་བདེན་པ་བཞི་ཞེས་བསྒྱུར། པཱུརྦ་བི་དེ་ཏ་ཞེས་བྱ་བ་པཱུརྦ་ནི་ཤར་ཕྱོགས་ལ་བྱ། བི་ནི་བིཤིསྟ་སྟེ་བྱེ་བྲག་ཏུ་འཕགས་པ་དང་བཟང་བོ། དེ་ཧ་ནི་ལུས་ཏེ། བརྗོད་བདེ་བའི་ཆེད་དུ་དེ་དག་གི་གོ་རིམ་ལྡོག་ནས་ཤར་ལུས་འཕགས་གླིང་ཞེས་བསྒྱུར། པྲ་ཛྙ་ཞེས་པ་པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ ཏུ་བསྒྱུར། སུ་དྷཱིཿཞེས་པ་སུ་བཟང་པོ་དང་དྷཱིཿནི་བློ་སྟེ་བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་པ་དང་། དེ་བཞིན་ཚིགས་བཅད་སོགས་ཀྱི་གོ་རིམ་བསྣོར་ནས་བསྒྱུར་པའང་མང་དུ་ཡོད་མོད། ཡིག་ཚོགས་ཆེ་དོགས་པས་ལེགས་སྦྱར་བང་མཛོད་ཞེས་བྱ་བར་གཟིགས་པར་ཞུའོ། །