ཤེས་བྱའི་གཞི་མ་ཡི་གེའི་སྦྱོར་བ།
རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ས་བཅད་དང་པོ། ཡི་གེའི་རང་བཞིན་ངོས་བཟུང་བ་ནི།
ཤེས་བྱའི་གཞི་མ་ཡི་གེའི་སྦྱོར་བ་སྟེ། །སྐད་དང་ཡི་གེའི་རིགས་གྱུར་མཐའ་ཡས་ཀྱང་། རྩ་བ་དབྱངས་གསལ་གཉིས་ཡིན་སྒྲ་ཙམ་ནི། །རྣམ་སྨིན་སྐྱེས་མིན་རྒྱུ་མཐུན་རྒྱུས་བྱུང་འདོད། །
སངས་རྒྱས་ཀྱིས་གསུངས་པའི་ཚུལ་རྣམས་ཀྱང་ལྟོས་པའི་སྒོ་ནས་འཛིན་ཅིང་། ཕྱི་རོལ་རིག་བྱེད་བཞི་ལ་སོགས་པ་སྨྲ་བ་རྣམས་ཀྱི་རྒྱུ་ཡིན་པ་དང་། འཇིག་རྟེན་པ་ཀུན་ཐུན་མོང་དུ་མིང་ཚིག་བརྗོད་པ་ཐམས་ཅད་ཡི་གེ་ལ་བརྟེན་པའི་ཕྱིར་ཤེས་བྱ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ཡིན་པས་ཐོག་མར་བསླབ་ཅིང་མཁས་པར་ཁོང་དུ་ཆུད་པར་བྱ་བ་གལ་ཆེ་སྟེ། ཐུ་མི་སཾ་བྷོ་ཊས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ཡི་གེའི་སྦྱོར་བ་བཤད་པར་བྱ། ཞེས་གསུངས་པ་ལྟར་རོ།འཇིག་རྟེན་ན་སྐད་རིགས་མི་གཅིག་པ་དང་དེ་མཚུངས་བློའི་རྩལ་གྱིས་བསྐྲུན་པའི་ཡི་གེའི་རིགས་སུ་གྱུར་པའང་མཐའ་ཡས་པས་བརྗོད་པར་མི་ནུས་ཀྱང་སྐད་དང་ཡི་གེ་ཐམས་ཅད་ཀྱི་རྩ་བ་ནི་དབྱངས་གསལ་གཉིས་ཡིན་ལ།དེ་ལ་སྒྲ་དང་གཟུགས་གཉིས་ལས་སྒྲའི་ཁམས་ཙམ་ནི་རྣམ་སྨིན་ལས་སྐྱེས་པ་མིན་ཏེ་བརྗོད་འདོད་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བའི་ཕྱིར་དང་།རྣམ་སྨིན་སྐྱེས་རྣམས་ནི་འདོད་ཀྱང་མི་འབྱུང་ལ་མི་འདོད་ཀྱང་འབྱུང་བའི་ཕྱིར། དེས་ན་སྒྲ་ནི་རྒྱུ་མཐུན་ནམ་སྐལ་མཉམ་དང་རྒྱས་བྱུང་བཞིས་བསྐྱེད་པར་བྱེ་སྨྲ་རྣམས་འདོད་དོ། རྒྱས་བྱུང་བཞི་ནི་ཟས་གཉིད་ལེགས་སྤྱད་ཏིང་ངེ་འཛིན་རྣམས་སོ།།
ས་བཅད་གཉིས་པ།ཡི་གེའི་མཚན་ཉིད་ཞིབ་པར་བཤད་པ།
གཅིག ཡི་གེའི་ངོ་བོ།
ཡི་གེའི་ངོ་བོ་སྐད་གདངས་མིག་འཛུམ་ཚད། །གཅིག་གཉིས་གསུམ་ཡུན་ཐུང་རིང་ཤིན་ཏུ་རིང་། །ཆ་ཤས་སྐད་ཅིག་རེ་རེ་གཞན་རྣམས་རྒྱུན། །ལྡན་མིན་འདུ་བྱེད་ཉིད་དུ་མཛོད་ལས་བཤད། །
ཡི་གེའི་ངོ་བོ་སྐད་ཀྱི་གདངས་འབའ་ཞིག་ཡིན་ཏེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། ཞེས་སོ། དེའང་བརྗོད་འདོད་དབང་གིས་རླུང་གཡོས། དེ་ལས་ཡི་གེའི་གདངས་སྐྱེ། དེ་ཉིད་མིག་འཛུམ་གྱི་ཚད་གཅིག་དང་། གཉིས་དང་གསུམ་གྱི་ཡུན་ལ་རིམ་པར་ཐུང་ངུ། རིང་པོ། ཤིན་ཏུ་རིང་པོའིཐ་སྙད་སྦྱར་བ་སྟེ། སྔ་མ་ལས། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། ཞེས་སོ། དེ་ལ་ཡི་གེའི་ཆ་ཤས་ནི་སྐད་ཅིག་རེ་རེ་བ་ཡིན་ལ་གཞན་རྣམས་དེ་ཉིད་འདུས་པའི་རྒྱུན་ཏེ་བྱེ་མདོ་རྣམས་ཤེས་བྱའི་གཞི་རྣམས་ལས་ལྡན་མིན་འདུ་བྱེད་ཉིད་དུ་འདོད་པར་མཛོད་ལས་བཤད་དོ།།
གཉིས། ཡི་གེའི་ངེས་ཚིག
ངེས་ཚིག་རང་བཞིན་འགྱུར་མེད་མིང་ཚིག་གསལ། དོན་རྣམས་རྗོད་བྱེད་ཅེས་པ་སྟེ། ཡི་གེའི་ངེས་ཚིག་ནི་ལེགས་སྦྱར་ལ་སྐད་དོད་གསུམ་ཡོད་པའི་ཨཀྵ་ར་ནི་མི་འགྱུར་བ་སྟེ།ཡུལ་སོ་སོའི་སྐད་འགྱུར་ཡང་དབྱངས་གསལ་གྱི་རང་བཞིན་འགྱུར་པ་མེད་པའམ།ཨའམ་ཀ་ལྟ་བུའི་གཟུགས་ཅིག་རྣམ་གྲངས་གཞན་དུ་མི་འགྱུར་བ་དང་། བྱཉྫ་ནུ་གསལ་བྱེད་དེ་མིང་ཚིག་ཐམས་ཅད་གསལ་བར་བྱེད་པ་དང་། བཎ་རྗོད་བྱེད་དེ་དོནཐམས་ཅད་རྗོད་པར་བྱེད་པས་སོ། །
གསུམ། ཡི་གེའི་རྣམ་པ།
ཡིག་གཟུགས་ལཱཉྫ་སོགས།
ཞེས་པ་སྟེ། ཡི་གེའི་གཟུགས་ནི་ཚངས་པའི་ཡི་གེ་ལཱཉྫ་ན་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་གཙོ་བོར་གྱུར་པའི་ཡི་གེའི་དབྱེ་བ་མཐའ་ཡས་པ་རྣམས་སོ། །
བཞི། ཡི་གེའི་དབྱེ་བ།
༼1༽ལེགས་སྦྱར་གྱི་ལུགས།
དབྱེ་བ་ཐུན་མོང་ཙ་མ་དུ་འཕགས་ཡུལ་གྱི། །སྐད་རིགས་བཞི་ཡི་གཙོ་བོ་ལེགས་སྐྱར་ལ། །དབྱངས་ཡིག་མཚུངས་དང་མཚམས་སྦྱོར་གསལ་བྱེད་ནི། །སྡེ་པ་མཐར་གནས་དྲོ་བ་རྩ་བ་ཉིད། །ཨཱ་ལི་བརྒྱ་དང་སོ་གཉིས་ཀཱ་ལི་ལ། །རྐྱང་པ་སོ་གཉིས་དབྱངས་བཅས་བཞི་སྟོང་དང་། །སུམ་བརྒྱ་ང་དྲུག་དེ་དག་གནས་བརྒྱད་དང་། བྱེད་པ་རྩོལ་བ་ཕྱི་ནང་དག་ལས་སྐྱེ།ཡི་གེའི་དབྱེ་བ་སྒྲ་མདོ་སོ་སོའི་ལུགས་དང་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་ལས་གསུངས་པ་རྣམ་གཞག་མང་ཡང་ཐུན་མོང་ཙམ་དུ་འཕགས་ཡུལ་གྱི་སྐད་རིགས་ཆེན་པོ་བཞིར་གྲགས་པའི་གཙོ་བོ་ལེགས་པར་སྦྱར་བ་ལ་དབྱངས་དང་གསལ་བྱེད་གཉིས། དབྱངས་ལ་ཨ་ཨཱ་ནས་ལྀ་ལཱྀའི་བར་མཚུངས་པའི་ཡི་གེ་བཅུ། ཨེ་ཨཻ་ཨོ་ཨཽ་སྟེ་མཚམས་སྦྱོར་གྱི་ཡི་གེ་བཞི་བསྡམས་པས་དབྱངས་བཅུ་དྲུག གསལ་བྱེད་ལ་ནི། ཀ་སྡེ་སོགས་སྡེ་པ་ལྔ། ཡ་ར་ལ་ཝ་སྟེ་མཐར་གནས་བཞི། ཤ་སོགས་དྲོ་བའི་ཡི་གེ་བཞི་སྟེ་སུམ་ཅུ་རྩ་གསུམ་དུ་བཤད་པ་ནི་རྩ་བ་ཉིད་ཡིན་ལ། དེ་ལས་འཕྲོས་པའི་དབྱེ་བ་ཙནྡྲ་པ་ལྟར་ན། ཨ་ཨི་ཨུ་རྀ་བཞི་ལ་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་སྟེ་སུམ་གསུམ། དེ་དག་རེ་རེ་ལའང་སྐད་གདངས་མཐོ་བས་བརྗོད་པ་ཨུ་དཱཏྟ། དམའ་བས་བརྗོད་པ་ཨ་ནུ་དཱཏྟ། བར་མས་བརྗོད་པ་སྭོ་རི་ཏ་གསུམ་གསུམ་སྟེ་སུམ་ཅུ་སོ་དྲུག དེ་རྣམས་ལ་རྗེས་སུ་སྣ་ལྡན་ཅན་དང་རྗེས་སུ་སྣ་ལྡན་མ་ཡིན་པ་གཉིས་གཉིས་ཕྱེ་བས་བདུན་ཅུ་རྩ་གཉིས། མཚམས་སྦྱོར་བཞི་ལ་ཐུང་ངུ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་གཉིས་གཉིས། ལི་ལ་རིང་པོ་མེད་པས་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས། དེ་དག་ལྔ་པོ་རེ་རེ་ལའང་། ཨུ་དཱཏྟ། ཨ་ནུ་དཱཏྟ། སྭ་རི་ཏ་དང་གསུམ་གསུམ་དུ་ཕྱེ་བས་སུམ་ཅུ། སྣ་མེད་སུམ་ཅུ་དང་བཅས་པས་དྲུག་ཅུ་སྟེ་གོང་དང་བསྡོམས་པས་ཨཱ་ལི་ལ་བརྒྱ་དང་སོ་གཉིས། ཀཱ་ལི་ལ་རྐྱང་པ་སུམ་ཅུ་རྩ་གསུམ། དེ་སྟེང་རྣམ་བཅད། ང་རོ། ལྕེ་རྩ་ཅན། མཆུ་ཅན་བཞི་བསྣན་པས་སུམ་ཅུ་སོ་བདུན། རྩ་བའི་གསལ་བྱེད་སོ་གསུམ་ལ།གཅིག་པུ་ལའང་དབྱངས་བརྒྱ་སུམ་ཅུ་སོ་གཉིས་ཞུགས་པ་སྟེ་བསྡམས་པས་གསལ་བྱེད་བཞི་སྟོང་སུམ་བརྒྱ་ང་དྲུག་ཡོད་དོ།།ཡི་གེ་དེ་རྣམས་ཀྱང་གནས་དང་བྱེད་པ་དང་རྩོལ་བ་རྣམས་ལ་བརྟེན་ནས་སྐྱེ་བ་ལས། གནས་ནི། བྲང་དང་མགྲིན་པ་སྤྱི་བོ་དང་།།དེ་བཞིན་ལྕེ་རྩ་དང་ནི་སོ།།སྣ་དང་མཆུ་དང་རྐན་ཀྱང་སྟེ།།ཡི་གེའི་གནས་ནི་བརྒྱད་རྣམས་སོ། །ཞེས་གསུང་པ་ལྟར། ཨ་དང་ཀ་སྡེ་དང་ཧ་ཡིག་དང་རྣམ་བཅད་རྣམས་མགྲིན་པའི་སྐྱེ་གནས་ཅན་ནོ། ཨི་ཨེ་ཨི་རྣམས་མགྲིན་པ་དང་རྐན་ནོ། ཨུ་ཨོ་ཨི་རྣམས་མགྲིན་པ་དང་མཆུའོ། རྀ་དང་ཊ་སྡེ་དང་ར་ཡིག་དང་ཥྲ་ཡིག་རྣམས་སྤྱི་བོའོ། ལྕེ་རྩ་ཅན་ནི་ལྕེ་ཡི་རྩ་བའོ། ལི་དང་ཏ་སྡེ་དང་ལ་ཡིག་དང་ས་ཡིག་རྣམས་སོའོ། རྗེས་སུ་ང་རོ་ནི་སྣའོ། ང་ཉ་ཎ་ན་མ་རྣམས་ནི་རང་གི་མགྲིན་པ་སོགས་ཀྱི་རྗེས་སུ་སྣའོ། ཨི་དང་ཙ་སྡེ་དང་ཡ་ཡིག་དང་ཤ་ཡིག་རྣམས་རྐན་ནོ། ཨུ་དང་པ་སྡེ་དང་མཆུ་ཅན་གྱི་ཡི་གེ་ནི་མཆུའོ། ཝ་ཡིག་ནི་སོ་དང་མཆུ་དག་གོ འདིར་བྲང་ཞེས་པ་མགྲིན་བྱུང་གི་ཡི་གེ་རྣམས་བྲང་གི་གནས་ལ་ལྟོས་པ་དང་། ཡི་གེ་གཞན་རྣམས་ཀྱང་མགྲིན་པ་ལ་ལྟོས་ཤིང་དེ་ཉིད་ཀྱིས་བྲང་གི་གནས་ལ་ལྟོས་དགོས་པར་གྲུབ་པའི་ཕྱིར་བརྗོད་པའོ། བྱེད་པ་ལ། ལྕེ་རྩ་ཅན་རྣམས་ཀྱི་བྱེད་པ་ནི་ལྕེའི་རྩ་བའོ། རྐན་བྱུང་རྣམས་ཀྱི་བྱེད་པ་ནི་ལྕེའི་དབུས་སོ། སྤྱི་བྱུང་རྣམས་ཀྱི་ལྕེའི་རྩེ་མོ་དང་ཉེ་བའོ། སོ་བྱུང་རྣམས་ཀྱི་ལྕེ་རྩེའོ། ལྷག་མ་རྣམས་ནི་རང་གནས་ཀྱི་བྱེད་པ་ཅན་ནོ། རྩོལ་བ་ནི་ནང་དང་ཕྱི་རོལ་གཉིས་ཏེ། ནང་གི་རྩོལ་བ་ལའང་བཙུམས་པ་དང་། ཕྱེ་བ་དང་ཕྲད་པ་དང་། ཅུང་ཟད་ཕྲད་པ་སྟེ་བཞིའོ། དེ་ལས་བཙུམས་པའི་རྩོལ་བ་ཅན་ནི་ཨ་ཡིག་གོ ཕྱེ་བ་ནི་དབྱངས་གཞན་རྣམས་དང་དྲོ་བ་རྣམས་སོ། འདིར་དྲོ་བ་ཞེས་པ་ནི་འོག་ནས་འཆད་པ་ལྟར་རོ། ཕྲད་པ་ནི། སྡེ་པའི་ཡི་གེ་རྣམས་ཏེ་རྩོལ་བ་ཆེན་པོས་བཙིར་ནས་མཐོན་པོར་བརྗོད་བ་རྣམས་སོ། ཅུང་ཟད་ཕྲད་པ་ནི་མཐར་གནས་རྣམས་སོ། ཕྱིའི་རྩོལ་པ་ལའང་། སྒྲ་མེད་དང་། སྲོག་ཆུང་དང་། སྲོག་ཆེན་དང་། སྒྲ་ལྡན་དང་། དྲོ་བ་སྟེ་ལྔ་ལས་སྒྲ་མེད་པ་རྣམས་ནི་སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་དང་ཤ་ཥྲ་ས་རྣམས་དང་ལྕེ་རྩ་ཅན་དང་མཆུ་ཅན་རྣམས་སོ། སྲོག་ཆུང་བ་ནི་སྡེ་པ་རྣམས་ཀྱི་དང་པོ་དང་གསུམ་པ་དང་ལྔ་པ་རྣམས་དང་མཐར་གནས་རྣམས་སོ། སྲོག་ཆེ་བ་ནི་སྡེ་པ་རྣམས་ཀྱི་གཉིས་པ་དང་བཞི་པ་རྣམས་དང་ཤ་ཥྲ་ས་ཧ་རྣམས་སོ། སྒྲ་ལྡན་ནི་སྡེ་པ་རྣམས་ཀྱི་གསུམ་པ་བཞི་པ་ལྔ་པ་རྣམས་དང་རྗེས་སུ་ང་རོ་ཅན་དང་བཅས་པ་རྣམས་དང་མཐར་གནས་དང་ཧ་ཡིག་རྣམས་སོ། དྲོ་བ་ནི་སྡེ་པ་རྣམས་ཀྱི་གཉིས་པ་དང་བཞི་པ་དང་ཤ་ཥྲ་ས་ཧ་རྣམས་ཏེ་གཞུང་གཞན་དུ། ཤ་ཥྲ་ས་ཧ་རྣམས་ཁོ་ན་ལ་དྲོ་བའི་ཡི་གེར་བཤད་དོ། སྐབས་འདིར་སྔགས་ཀྱི་བཀླག་ཐབས་ཉེ་བར་མཁོ་ཡང་ཚིག་ཉུང་ངུས་དོན་ལེགས་པར་སྟོན་མི་ནུས་པས་དམ་པ་སྔ་མ་རྣམས་ཀྱིས་མཛད་པ་ལ་རྟོགས་པར་བྱ་བ་ཁོ་ནའོ། །
༼2༽བོད་སྐད་ཀྱི་ལུགས།
བོད་སྐད་ཨཱ་ལི་མཚོན་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུར་སྔོན་རྗེས་མིང་གཞི་དབྱེ། །རྐྱང་འཕུལ་མགོ་ཅན་བརྩེགས་འདོགས་འཇུག་དང་བཅས།
བོད་སྐད་དང་སྦྱར་བའི་བོད་ཀྱི་ཡི་གེ་ནི་རྩ་བ་ཨཱ་ལི་ཀཱ་ལི་སྟེ་ཨ་ཕྲེང་ཀ་ཕྲེང་གཉིས། དེ་ལ་ཨཱ་ལའི་བྱ་བ་གསལ་བར་མཚོན་པར་བྱེད་པ་ཨི་སོགས་ཏེ་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་བཞི། འདི་རྣམས་ཨ་ལ་སྦྱར་བ་ནི་རྐྱང་པ་བརྗོད་དུ་མེད་པས་སོ། ཀཱ་ལི་ཀ་ནས་ཨའི་བར་སུམ་ཅུ་ཐམ་པ་ཡོད་ཅིང་དེ་ལས་ག་ད་བ་མ་འ་སྟེ་སྔོན་འཇུག་ལྔ། ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་བཅུ། འཕྲོས་མིང་གཞིའི་ཡི་གེ་ཉི་ཤུ་རྣམས་སུ་དབྱེར་ཡོད་ལ། དེའང་སྔོན་འཇུག་རྣམས་ནི་མིང་གི་སྔོན་དུ་འཇུག་ཅིང་། རྗེས་འཇུག་རྣམས་ནི་རྗེས་ཁོ་ནར་འཇུག་པ་དང་། མིང་གཞི་རྣམས་ནི་སྔོན་རྗེས་གང་དུའང་མི་འཇུག་པར་འཇུག་པ་རྣམས་ཀྱི་གཞིར་གྱུར་པའོ། ཡི་གེ་དེ་དག་མིང་དུ་བསྒྲུབ་པ་ན་རྐྱང་པ་ཁོ་ན་ཡིན་པ་ཀ་བ་ལྟ་བུ། སྔོན་འཇུག་གིས་འཕུལ་བ་མགོ་བོ་ལྟ་བུ་རྐྱང་འཕུལ། དབྱེ་བ་ལྟ་བུ་འདོགས་འཕུལ། བསྒྲུབ་བྱ་ལྟ་བུ་བརྩེགས་འཕུལ་རྣམས་དང་། ར་ལ་སའི་མགོ་ཅན་གསུམ། ཡི་གེ་གསུམ་རེ་བརྩེགས་པ་སྒྲ་ལྟ་བུ། ཡ་ར་ལ་ཝའི་འདོགས་བཞི། རྗེས་འཇུག་བཅུ་ཞུགས་པ་རྟག་ལྟ་བུ་རྐྱང་འཇུག་དང་། རྟགས་ལྟ་བུ་ཡངས་འཇུག་དང་བཅས་རྣམས་སུ་ཡོད་དོ།།
ལྔ། ཡི་གེ་སྦྱོར་ཚུལ།
རྣམ་དབྱེ་ཕྲད་སོགས་སྦྱོར་བས་དོན་སྟོན་ལ། །བདག་གཞན་དུས་གསུམ་བྱ་བྱེད་སྒོ་ནས་འཇུག
མིང་དེ་ལས་ཚིག་ཏུ་སྒྲུབ་པ་ན་སླར་བསྡུ་དང་ལ་དོན་ཨི་ལྡན་སོགས་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ། དགར་དང་བརྣན་པ་ལ་འཇུག་པའི་ནི་སྒྲ་སོགས་ཕྲད་རང་དབང་ཅན་དྲུག་པོ་རྣམས་སྦྱོར་པས་དོན་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཏུ་གྲུབ་ལ། སྔོན་རྗེས་ཀྱི་སྦྱོར་བ་རྣམས་ནི་བདག་གཞན་དང་དུས་གསུམ་དང་བྱ་བྱེད་སྟོན་པའི་སྒོ་ནས་འཇུག་གོ །དེའང་ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་པ་ལས་ཚིག་ཏུ་གྲུབ་སྟེ། དེ་དག་གི་བྱེད་ལས་ཀྱང་སློབ་དཔོན་བློ་གྲོས་བརྟན་པས། དོན་གྱི་ངོ་བོ་བརྗོད་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག གང་ཡང་མི་སྟོན་པ་ཡི་གེའོ། ཞེས་གསུངས་ཏེ། དཔེར་ན་བུམ་པ་བ་ལང་ཞེས་པ་ལྟ་བུ་དོན་གྱི་ངོ་བོ་སྟོན་པ་མིང་། འདུས་བྱས་མི་རྟག་ཅེས་པ་དང་། ཟག་བཅས་སྡུག་བསྔལ་ཞེས་པ་ལྟ་བུ་དེའི་ཁྱད་པར་སྟོན་པ་ཚིག་གོ ཨ་ཨཱ་ཀ་ཁ་ག་གྷ་ང་ཞེས་སོགས་གང་ཡང་མི་སྟོན་པ་ཡི་གེ་ཡིན་ནོ། ཚིག་གི་མཐར་རྣམ་དབྱེ་དང་ཕྲད་གང་རུང་མ་ཞུགས་པར་དོན་གྱི་ཁྱད་པར་རྫོགས་པར་སྟོན་མི་ནུས་ལ། རྣམ་དབྱེ་ཞེས་པའང་ལས་དང་བྱེད་པ་སོགས་དོན་དང་། གཅིག་གཉིས་མང་པོ་སྟེ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བར་བྱེད་པས་དེ་ལྟར་བརྗོད།
དེའང་རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ་ནི། སངས་རྒྱས། ཆོས། ལྷ། བདག་ལྟ་བུ་དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་ཅིང་ལེགས་སྦྱར་ལ་རྣམ་དབྱེ་དང་པོའི་རྐྱེན་སྦྱོར་དུ་ཡོད་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་ལ། སངས་རྒྱས་ཞེས་པས་གཅིག་ཚིག སངས་རྒྱས་དག་ཅེས་པས་གཉིས་ཚིག སངས་རྒྱས་རྣམས་ཞེས་པས་མང་པོའི་ཚིག་མཚོན་ཏེ་གཞན་ལའང་དེས་འགྲེ་བར་ནུས་སོ། གཉིས་པ་ལས་སུ་བྱ་བ་ནི། སངས་རྒྱས་ལ་ཕྱག་འཚལ་ལོ། རྒྱ་གར་དུ་འགྲོ་ལྟ་བུ་ལ་དང་དུའི་སྒྲས་བྱ་བའི་ཡུལ་མཚོན་པ་དང་། གསུམ་པ་བྱེད་པ་པོ། སངས་རྒྱས་ཀྱིས་ཆོས་གསུངས། བདག་གིས་ལས་བྱ། ལྟ་བུ་ཀྱིས་དང་གིས་ངག་གིས་བྱེད་པ་པོའི་སྒྲ་མཚོན་པ་དང་། བཞི་པ་ཆེད་དུ་བྱ་བ། སློང་མོ་པ་ལ་ཟས་སྦྱིན། ཞིང་ལ་ཆུ་འདྲེན་ལྟ་བུ་བྱ་བ་དེས་ཡུལ་དེ་ལ་ཕན་འདོགས་པ་ལའི་སྒྲས་གོ་བ་དང་། ལྔ་པ་འབྱུང་ཁུངས་སམ་གང་ལས་འབྲལ་བ། སངས་རྒྱས་ལས་ཆོས། རྒྱ་མཚོ་ནས་རིན་པོ་ཆེ་ལྟ་བུ་དངོས་པོ་དེ་བྱུང་བའི་ཁུངས་ལས་ནས་ཀྱི་སྒྲས་མཚོན་པ་དང་། དྲུག་པ་འབྲེལ་པ། སངས་རྒྱས་ཀྱི་སྐུ། སེམས་ཅན་གྱི་ཁམས་ལྟ་བུ་ཕན་ཚུན་རྟེན་བརྟེན་པ་སོགས་སུ་འབྲེལ་བའི་དོན་གྱི་དང་གི་སྒྲས་སྟོན་པ་དང་། བདུན་པ་གནས་གཞི། བརྟན་པར་བཞུགས། ཁྱིམ་དུ་མི་ལྟ་བུ་གནས་པའམ་རྟེན་པའི་གཞི་ར་དང་དུའི་སྒྲས་མཚོན་པའོ། དེ་ལ་གཉིས་པ། བཞི་པ། བདུན་པ་རྣམས་མཚོན་བྱེད་ཀྱི་སྒྲ་ནི་ལ་དོན་དྲུག་ཅེས་བྱ་སྟེ། ལ་ན་ཏུ་དུ་སུ་རུ་ར་རྣམས་དང་། བྱེད་སྒྲ་ཀྱིས་གྱིས་གིས་ཡིས་འིས་ལྔ། འབྱུང་ཁུངས་སྒྲ་ལས་ནས། འབྲེལ་སྒྲ་ཀྱི་གྱི་གི་ཡི་འི་རྣམས་སོ། དེ་དག་ལས་སྐབས་རེར་རྣམ་དབྱེའི་དོན་མི་སྟོན་པར་ཕྲད་ཙམ་ལ་འཇུག་པའང་ཡོད་ཅིང་། སླར་བསྡུའི་གོ་ངོ་སོགས་སྦྱོར་ཡུལ་ལ་ལྟོས་པའི་ཕྲད་རྣམས་སྦྱོར་ཚུལ་དང་བཅས་དཔེར་བརྗོད་པ་ནི།
དག་ལ་གསལ་ན་ལེགས་མོད་ཀྱི། ། བསྟན་གྱི་འཇུག་གི་འཆད་བྱ་ཡི།མཁས་པར་བྱས་ནས་ཚུལ་བརྟག་གོ ། བྱ་བ་བཟང་ངོ་ལེགས་བཀོད་དོ། །འབྱོན་ནོ་གྲུབ་བོ་དོན་བསམ་མོ། ། བྱའོ་ཕྱར་རོ་ལྷ་རྒྱལ་ལོ། །བལྟས་སོ་བསྟན་ཏོ་ལྷ་ཆོས་པ། ། སྒྲུབ་བོ་དགའ་འོ་གསར་མ་པ། །མ་རྙོགས་མི་ལྟུང་དགེ་བ་ཅན། ། ད་ནི་ཅི་ཕྱིར་ཀྱེ་ཀྱེ་བུ། ཀྭ་ཡེ་སྲོག་བདག་བགྲོད་ཅིང་མཆིས། ། བདེ་ཞིང་དགྱེས་ཞེས་ཡོད་ཅེས་ཐོས། །
གསལ་ཞེས་མཛེས་ཞེས་ཞད་ཅིག་གདའ། །ནམ་ཞིག་གྲོས་ཤིག་གདབ་ཅེ་འོ། །སུ་ཡོད་ཅེ་ན་གང་ཞེ་ན། །མ་བྱས་ཞེ་ན་ཕྱོགས་ཤིག་གུ །འཁོད་ཀྱང་འགྲོ་བའང་འགྲན་ན་ཡང་། ། རྒྱུག་གམ་འདོང་ངམ་སྡོད་དམ་ཅི། །མདུན་ནམ་རྒྱབ་བམ་ལེགས་བསམ་མམ། ། བྱའམ་འཆར་རམ་ཅང་ཐལ་ལམ། །རྒྱས་སམ་དེ་དག་དཔལ་འབྱོར་རྣམས། ། མཁས་ཏེ་འཆད་དེ་ཀུན་ཆུབ་སྟེ། །ཇི་སྙེད་བདེ་དང་ལྡན་ནོ་ལོ། །ལྟ་བུའོ།།
ཡང་སྦྱར་ཡུལ་ལ་མི་ལྟོས་པར་ཡང་རང་ཉིད་ཀྱི་བརྗོད་དོན་གསལ་བར་མཚོན་པ་ཅན་གྱི་ཕྲད་ནི། གང་། ཅི། དེ། འདི། སུ། ཡང་། ནམ། སླར། འོ་ན། ལ་ལ། ཇི། ཞེས་པ་ལྟ་བུ་ཕྲད་རྐྱང་པ་རྣམས་དང་། ཕྲད་གཉིས་གསུམ་སོགས་འདུས་པ། གང་དག དེ་དག གང་རྣམས། དེ་རྣམས། ཇི་སྙེད། དེ་སྙེད། ཅི་ནས་ཀྱང་ལྟ་བུ་མང་པོ་རྣམས་སོ།།
ཡང་ལས་གང་ཞིག་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའིཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་དུས་ད་ལྟ་བ་ཡིན་ནོ། གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་བདག་གཞན་གྱི་དབང་གིས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། །དེས་ན་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཅིང་། བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་ཁྱབ་པ་མ་ཡིན་ཀྱང་། བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་བྱུང་བ་ཡིན་ནོ། དེ་ལ་བྱེད་པ་པོ་བདག་གི་དངོས་པོའི་སྒྲ་ནི། སྒྲུབ་པ་པོ། སྟོན་པ་པོ། སྒྲུབ་བྱེད། སྟོན་བྱེད་ལྟ་བུ། དེའི་བྱེད་པའི་ཚིག་གསལ་བར་བྱེད་པ། སྒྲུབ་པར་བྱེད་པ། སྟོན་པར་བྱེད་པ། སྒྲུབ་བོ། སྟོན་ནོ་ལྟ་བུ། བྱ་བའི་ཡུལ་གཞན་གྱི་དངོས་པོའི་སྒྲ། བསྒྲུབ་པར་བྱ་བ། བསྟན་པར་བྱ་བ། བསྒྲུབ་བྱ། བསྟན་བྱ་ལྟ་བུ། དེའི་བྱ་བའི་ཚིག བསྒྲུབ་པར་བྱ། བསྟན་པར་བྱ། བསྒྲུབ་བོ བསྟན་ནོ་ལྟ་བུ་དང་། དེར་མ་འདུས་པ་དུས་གསུམ་ལས་འདས་པའི་སྒྲ། བསྒྲུབ། བསྟན། གྲུབ་ལྟ་བུ། ད་ལྟ་བའི་སྒྲ། སྒྲུབ་བཞིན་པ། སྟོན་བཞིན་པ། འགྲུབ་པར་བྱེད། འཆད་པར་བྱེད་ལྟ་བུ། མ་འོངས་པའི་སྒྲ། འགྲུབ་པར་འགྱུར། འཆད་པར་འགྱུར། འགྲུབ་བོ། འཆད་དོ། འགྲུབ་པར་བྱ། འཆད་པར་བྱ་ལྟ་བུ་མང་པོ་རྣམས་སོ། དེ་ལ་ལྕགས་གསེར་དུ་བསྒྱུར་ལྟ་བུ་བྱེད་པ་པོ་དང་དངོས་སུ་འབྲེལ་བ་དང་། ལྕགས་གསེར་དུ་གྱུར་ལྟ་བུ་བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའོ། །
དྲུག ཡི་གེ་བཀླག་ཐབས།
ཐོག་མར་ང་རོ་ཕྱིས་ནས་སྦྱོར་ཀློག་སྦྱང་།གནས་དང་བྱེད་རྩོལ་རང་མཐུན་དབྱུང་ཞིང་བརྗོད། །བྱང་ནས་གང་ལ་གང་གིས་ཇི་ལྟ་བུར། །ཅི་ལྟར་འཇུག་སོགས་ཐུ་མིའི་གཞུང་བཟང་བསླབ། །བརྗོད་པའི་ཕྱི་མོ་སངས་རྒྱས་ཕྲིན་ལས་སོ། །
བསླབ་ཚུལ་གྱི་གོ་རིམ་ཡང་ཐོག་མར་ང་རོ་ལ་སྦྱང་བར་བྱ་སྟེ། བ་རོ་ཞེས་པ་སྒྲ་ཙམ་ལ་འཇུག་པས་ཡི་གེ་རྐྱང་པ་རྣམས་རང་རང་གི་སྐྱེ་གནས་དང་མཐུན་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་བཅས་ཡི་གེ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་བར་བྱ་ཞིང་། དེ་ལ་གོམས་ནས་སྔོན་རྗེས་མིང་གཞི་གསུམ་ཚེགས་བར་གཅིག་ཏུ་སྦྱོར་བའི་ཀློག་ཚུལ་སྦྱང་། དེ་དག་ཀྱང་གོང་སྨོས་ལེགས་སྦྱར་གྱི་རིགས་འགྲེས་ཏེ་སོ་སོའི་སྐྱེ་གནས་བྱེད་པ། ཕྱི་ནང་གི་རྩོལ་བ་རང་རང་དང་མཐུན་པར་དབྱུང་ཞིང་བརྗོད་དེ་ཞིབ་པར་རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་རབ་སོགས་ལས་རྟོགས་པར་བྱའོ། །
ཀློག་ལེགས་པར་བྱང་ནས་སྔོན་རྗེས་ཀྱི་འཇུག་པ་རྣམས་ཡུལ་གང་ལ་འཇུག འཇུག་པ་པོ་གང་གིས་འཇུག ཚུལ་ཇི་ལྟར་འཇུག དགོས་པ་ཅིའི་ཕྱིར་འཇུག་པ་ལ་སོགས་པའི་རྣམ་གཞག་ཞིབ་མོ་ཐུ་མི་སཾ་བྷོ་ཊའི་གཞུང་བཟང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་བསླབ་པར་བྱ་སྟེ། གཞུང་འདི་ནི་གངས་ཅན་གྱི་ལྗོངས་འདིར་བརྗོད་པ་ཐམས་ཅད་འབྱུང་བའི་ཕྱི་མོའམ་རྩ་བ་སངས་རྒྱས་ཀྱི་ཕྲིན་ལས་སུ་གྲུབ་པ་ཡིན་གྱི་གང་ཟག་གི་བློས་རྣམ་པར་བརྟག་པ་ཙམ་ནི་མ་ཡིན་ནོ། །
བདུན། ཡི་གེ་འཇུག་པའི་གནས་བརྒྱད།
ཀུན་ཀྱང་ཟིན་པའི་སྒྲ་དང་ཡུལ་གྱི་སྐད། །ངོ་བོའི་མིང་དང་མཚོན་བྱེད་མཚན་མ་སྟེ། །གོ་བྱེད་བརྡ་དང་ཐ་སྙད་ཤེས་བརྗོད་འཇུག །ཚིག་དོན་གནས་བརྒྱད་སྒྲ་དོན་འདྲེས་འཛིན་བློ། །དོན་དམིགས་སྒྲ་བྱུང་མཐུན་སྣང་ཐུན་མོང་གྲགས། ། མངོན་ཞེན་རིམ་པའི་ཆོས་ལྔ་ལྡན་པར་སྐྱེ།།
ཡི་གེས་དོན་སྟོན་པར་བྱེད་པ་ཀུན་ཀྱང་འཇུག་པའི་གནས་བརྒྱད་ལ་བརྟེན་པ་ཡིན་ཏེ། བརྒྱད་ནི། སྒྲ་དང་སྐད། མིང་དང་མཚན་མ། བརྡ་དང་ཐ་སྙད། ཚིག་དང་དོན་རྣམས་སོ། དེ་ལ་སྒྲ་ནི་འདིར་ཟིན་པའི་སྒྲ་སེམས་ཅན་དུ་སྟོན་ཅིང་ལུང་སྟོན་པའོ། སྐད་ནི་འཕགས་བོད་རྒྱ་ནག་ལ་སོགས་པས་རང་ཡུལ་གྱི་བརྡ་གོ་བར་བྱེད་པའོ། མིང་ནི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས། ཆོས་མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་དང་། བརྡ་སྤྲོད་པའི་ལུགས་ཀྱི་རྣམ་དབྱེའི་མཐའ་ཅན། བུམ་པ། སེང་གེ་ལ་སོགས་པ་བརྗོད་པ་དེས་དོན་ལ་བློ་གཞོལ་བར་བྱེད་པས་ནཱ་མ་སྟེ་མིང་ཞེས་བྱ་ལ། དོན་རེ་མཚོན་པར་བྱེད་ཅིང་སྣང་བར་ནུས་པའི་ཆ་ནས་མཚན་མ་ཞེས་བྱའོ། །བརྡ་ནི་དོན་དེ་ལ་ཐ་སྙད་བྱ་བའི་ཕྱིར་ཐོག་མར་མིང་དུ་བཏགས་པ་སྟེ། གོ་བར་བྱེད་པ་དང་སྨྲ་བར་བྱེད་པའི་དུས་ཅན་ནོ། །ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཤེས་བརྗོད་འཇུག་གསུམ་གྱི་རང་བཞིན་ཅན་ཏེ། དེའང་འདི་ཀ་བ་ཡིན་ནོ་སྙམ་པའི་ཤེས་པ་ནི་བཏགས་པའི་ཤེས་པ་དང་། ཀ་བ་ཞེས་པའི་སྒྲར་བརྗོད་པ་ནི་བརྗོད་པ་དང་། ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་རྩོམ་པ་ནི་འཇུག་པ་སྟེ། སྤྱི་དངོས་ལ་མེད་ཀྱང་འཇུག་ལྡོག་བྱེད་པའི་ཕྱིར་ནན་གྱིས་བཏགས་པ་སྟེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བཏགས་པ་ལྟ་བུའོ། དེ་དག་ཀྱང་དོན་དེའི་ངོ་བོ་ཙམ་བརྗོད་པའི་ཆ་ནས་མིང་དང་། དོན་དེ་མཚོན་པར་བྱེད་པས་མཚན་མ་ཐ་སྙད་ཀྱི་ཕྱིར་སྔར་མེད་པ་ལ་གློ་བུར་དུ་འདོད་པས་སྦྱར་བ་བརྡ་དང་། དེ་ཉིད་འཇུག་ལྡོག་བྱེད་པའི་ཕྱིར་བརྗོད་པས་ཐ་སྙད་དོ། ཚིག་ནི་ཆོས་མངོན་པའི་ལུགས་ཀྱིས། མིང་འདུས་ནས་དོན་གྱི་ཁྱད་པར་བརྗོད་པ་སྟེ། འདུས་བྱས་མི་རྟག་ཅེས་པ་ལ་སོགས་པ་ལྟ་བུའོ། བརྡ་སྤྲོད་པའི་ལུགས་ཀྱིས་རྣམ་དབྱེ་ཏིངྲ་སུཔྲ་གང་རུང་གི་མཐའ་ཅན་དོན་གྱི་ངོ་བོ་དང་ཁྱད་པར་ཅི་རིགས་པ་བརྗོད་པའོ། དོན་ནི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟར་གནས་པ་ཉིད་དོ།དེ་ལྟར་གནས་བརྒྱད་པོ་དེ་དག་ལ་ཡི་གེ་དག་ཇི་ལྟར་འཇུག་ན་སྒྲ་དང་དོན་གཅིག་ཏུ་བསྲེས་ནས་འཛིན་པའི་བློའི་དབང་གིས་འཇུག་སྟེ། བློ་དེ་སྐྱེ་བ་ལ་ཡང་། བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་ལྡན་པ་དགོས་ཏེ། དོན་ལ་དམིགས་པ་དང་། སྒྲ་ལས་བྱུང་བ་དང་། མཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པ་དང་། མངོན་པར་ཞེན་པ་རྣམས་སོ། དེ་དག་སོ་སོའི་ནུས་པ་ཡང་། དོན་ལ་དམིགས་པས་ནི་དོན་སྤྱིའི་ནུས་པ་སྐྱེད་པར་བྱེད་དོ། སྒྲ་ལས་བྱུང་བ་ནི་སྒྲ་སྤྱིའི་རྣམ་པ་སྐྱེད་པར་བྱེད་དོ། མཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་བྱེད་ནུས་སོ། མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་དོ། དེ་ལྟར་རིམ་པར་སྐྱེ་བའི་ཆོས་དང་ལྡན་པ་ལས་མིང་ལ་སོགས་པ་སྐྱེ་བ་དང་། མངོན་པར་ཞེན་པའི་རིམ་པ་ལའང་བཞི་ལ་སོགས་པ་དབྱེ་བའི་ཚུལ་ཞིབ་མོ་ནི་གནས་བརྒྱད་རྩ་འགྲེལ་སོགས་ལས་རྟོགས་པར་བྱའོ། །
འཕྲིན་སྟེགས། weikangba